བོད་དང་འབྲེལ་བའི་རྒྱལ་བའི་བཀའ་བསྟན་རིན་པོ་ཆེའི་དཔར་གཞི་ཇི་ལྟར་བྱུང་ཚུལ་གསེར་གྱི་འཕྲེང་བ།

༄༅། །བོད་དང་འབྲེལ་བའི་རྒྱལ་བའི་བཀའ་བསྟན་རིན་པོ་ཆེའི་དཔར་གཞི་ཇི་ལྟར་བྱུང་ཚུལ་གསེར་གྱི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཡང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བོད་གངས་ཅན་ལྗོངས་སུ་དཔར་གཞི་ཇི་ལྟར་བྱུང་བའི་ཚུལ་མདོར་བསྡུས་པ་ནི། བསྟན་པ་སྔ་དར་གྱི་དུས་སུ། དང་བོ་བསྟན་པའི་དབུ་བརྙེས། བར་དུ་སྲོལ་བཏོད། ཐ་མར་དར་ཞིང་རྒྱས་པར་མཛད། སྤྱི་ལོ་༨༡༢ ལོར་ཡར་ཀླུང་སྟོང་ཐང་ལྡན་དཀར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རིང་ལོ་པཎ་རྣམས་ཀྱིས་བཀའ་འགྱུར་ཐོག་མར་བསྒྱུར་བཞེངས་བྱས་པའི་དཀར་ཆག་མཛད་པ་ལ་ <དཀར་ཆག་ལྡན་དཀར་མ་> ཞེས་གྲགས། དེ་རྗེས་སུ་ཆོས་ཚན་ཁ་སྣོན་མཛད་པའི་དཀར་ཆག་ལ་བསམ་ཡས་ <མཆིམས་ཕུ་མ་> ཞེས་གྲགས་པ་རྗེས་སུ་མེད་པར་གྱུར། བཙན་པོ་ཁྲི་རལ་བ་ཅན་སྐབས་སུ་སྤྱི་ལོ་༨༣༠ ལོར་ཕོ་བྲང་འཕང་ཐང་ཀྭ་མེད་ཀྱི་གཙུག་ལག་ཁང་དུ་བཀའ་འགྱུར་ལ་ཆོས་ཚན་གསར་བསྣན་གྱིས་ཡོངས་རྫོགས་བཞེངས་ཏེ་དཀར་ཆག་མཛད་པ་ལ་ <དཀར་ཆག་ཕང་ཐང་མ་>  ཞེས་གྲགས།    ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་དཀར་ཆགས་ཐོག་མར་བསྒྲིགས་པ་དེ་ལ་སྔོན་གྱི་དཀར་ཆག་རྣམ་གསུམ་ཟེར། དེ་རྣམས་བཀའ་འགྱུར་བྲིས་མ་ཡིན་པར་སྣང་།

WechatIMG2691.jpeg

༡  ༼སྣར་ཐང་བཀའ་འགྱུར་ ༽ དཔར་གཞི་ཐོག་མ་སྤྱི་ལོ་༡༣༡༢་ལོར་ཡོན་རྒྱལ་རབས་ཀྱི་ཧུང་ཆིན་བྱ་བའི་སྲིད་ལོ་དང་པོར། སྣར་ཐང་གི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དགག་པཀྵི་ཞེས་བྱ་བ་སོག་པོའི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་ཡན་ཐུ་ཞེས་བས་གདན་ཞུས་ལྟར། སོག་ཡུལ་དུ་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་ལེགས་པར་སྤེལ་བས་གོང་མའང་ཧ་ཅང་ཐུགས་མཉེས་བའི་ལོ་རྒྱུས་འདུག་ལ། ཁོང་གི་ཐུགས་ལ་རྒྱལ་བློན་སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་བྱུང་བའི་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་བོད་ལ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྡུས་ན་སྙམ་པའི་ཐུགས་འདུན་ཀུན་ནས་བསླངས་ཏེ། རང་གི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་གསེར་ཡིག་གི་ལམ་ནས་ཞུས་ཤིང་། དབུས་པ་བློ་གསལ་བྱང་ཆུབ་དང་། ཡེ་ཤེས་ལོ་ཙཱ་བ་བསོད་ནམས་འོད་ཟེར་དང་ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན། བནྡེ་ཡེ་ཤེས། ཡེ་ཤེས་སྡེ། ཤེས་རབ་གྲགས་བཅས་དང་། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། མུ་ནི་ཝརྨ། ཁ་ཆེའི་པཎྚི་ཏ་སོ་མནྡ་ཐ་སོགས་ཀྱིས་བཀའ་འགྱུར་གྱི་བརྗོད་དོན་གཙོ་བོ་འདུལ་བ། ཤེར་ཕྱིན། ཕལ་བོ་ཆེ། དཀོན་བརྩེགས། མདོ་མང་། རྒྱུད་འབུམ་སོགས་ཡིན་ལ། དེའི་མ་དཔེ་འཚོལ་བསྡུ་གནང་ཐོག་ཞུ་དག་དང་། སྡེ་ཚན་དབྱེ་བ། གོ་རིམ་སྒྲིག་པ་བཅས་ལོ་མང་པོའི་བར་ཏུ་སྐུ་ངལ་མཛེམས་མེད་ཀྱིས་བཀའ་འགྱུར་ཆ་ཚང་ཞིག་བཞེངས་གནང་བ་དང་ཆབ་ཅིག བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་གཉིས་ཀས་དཀར་ཆག་རྒྱས་བསྡུས་ཁག་གསུམ་མཛད་དེ་སྣར་ཐང་དགོན་པར་འཇོག་གནང་མཛད་ནས་བསིལ་ལྗོངས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བྲིས་མ་ཆ་ཚང་བ་དེ་ཡིན། དེ་ནས་རིམ་གྱིས་རྒྱང་རོ་བྱང་ཆུབ་འབུམ་རྣམས་ལ་གསེར་ཡིག་པའི་གདོང་དུ་དངོས་པོ་གཏོས་ཆེར་ཕུལ་ནས་བཀའ་བསྟན་རྣམས་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་ཀྱི་པར་བཞེངས་ཀྱི་མཐུན་རྐྱེན་གྱ་ནོམ་པ་སྦྱར་ཏེ། བཅོམ་ལྡན་རིག་པའི་རལ་གྲིས་དབུ་མཛད་དེ་གོང་སྨོས་བླ་སློབ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་དབུས་གཙང་མངའ་རིས་དང་བཅས་བའི་ཡུལ་གྲུ་བཞུགས་པའི་བཀའ་བསྟན་གྱི་ཕྱི་མོ་རྙེད་དོ་ཅོག་ལ་ཕྱོགས་གཅིག་ཏུ་བསྡུས་ནས་གོ་བསྡུར་བྱས། ཞུ་དག་གིས་གཏན་ལ་ཕབ་ཅིང་གུང་བསྒྲིགས་ཏེ་དཀར་ཆག་བཅོམ་ལྡན་རིག་རལ་གྱིས་ <བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་> བཅས་པ་མཛད། དེ་ལ་སྣར་ཐང་པར་རྙིང་དུ་གྲགས།  དེའང་དུས་འཁྲུག་དང་ཟང་ཟིང་གིས་ད་ལྟ་ཁ་ཐོར་ཙམ་ལས་ལྷག་མ་རྣམས་མ་ལུས་བར་འཇིག་སོང་སྐད། དེ་ལ་བཀའ་བསྟན་གཉིས་ཀ་ཡོད། 

 ༡ ༼ སྣར་ཐང་བསྟན་འགྱུར་ ༽ ནི་གོང་སྨྲས་བཞིན་ཕྱི་ལོ་༡༣༡༢ ལོ་ནས་བཟུང་བཅོམ་ལྡན་རིག་པའི་རལ་གྲི་དང་དབུས་པ་བློ་གསལ་རྩོད་པའི་སེང་གེའམ་དབུས་པ་བློ་གསལ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན།  ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་བཅས་ཀྱིས་བཀའ་བསྟན་གྱི་ཕྱི་མོ་ཁུངས་བཙུན་རྣམས་དབུས་གཙང་མངའ་རིས་དང་བཅས་བའི་ཡུལ་གྲུ་ན་བཞུགས་པའི་བཀའ་བསྟན་གྱི་ཕྱི་མོ་རྙེད་དོ་ཅོག་ཕྱོགས་གཅིག་ཏུ་བསྡུས། ཞུས་དག་དང་གོ་རིམ་བསྒྲིགས་ཏེ་བཀའ་བསྟན་གྱི་དཀར་ཆག་ཡང་མཛད། ལྷག་པར་བསྟན་འགྱུར་དཀར་ཆག་དབུས་པ་བློ་གསལ་རྩོད་པའི་སེང་གེའི་མཛད་པ་ལ་ <བསྟན་བཅོས་ཀྱི་དཀར་ཆག་> ཅེས་པ་ལག་བྲིས་མ་བཞུགས། མཆིམས་འཇམ་པའི་དབྱངས་ཀྱིས་སྐུལ་མ་དང་ཤོག་བུ་དང་སྣག་ཚ་སོགས་ཆ་རྐྱེན་གང་དགོས་བསྐུར་ནས་ཞུས་པ་བཞིན་བཀའ་བསྟན་གཉིས་ཀ་ཆ་ཚང་རེ་གསར་བཞེངས་ཀྱིས་དཔལ་སྣར་ཐང་གི་འཇམ་དབྱངས་ལྷ་ཁང་ཞེས་པའི་གཙུག་ལག་ཁང་ལ་བཞུགས་སུ་གསོལ་བ་ལ་སྣར་ཐང་བཀའ་འགྱུར་དང་། སྣར་ཐང་བསྟན་འགྱུར་ཅེས་གྲགས་པ་འདི་བྱུང་། བསྟན་བཅོས་དཀར་ཆག་འདིའི་ནང་དུ་ལེའུ་ཚན་ཉི་ཤུ་ཐམ་པ་བཞུགས་པ་དང་། ལེའུ་བཅྭོ་བརྒྱད་ཡན་བཅོམ་ལྡན་རིག་རལ་གྱི་བསྟན་འགྱུར་དཀར་ཆག་ལྟར་དང་། ལེའུ་བཅུ་དགུ་བར་ཤིན་ཏུ་དཀོན་པའི་སྔགས་ཕྱོགས་ཀྱི་ཆོས་ཚན་༡༧༤ བསྣན་པ་དང་། མདོ་ཕྱོགས་ཆོས་ཚན་༥ རྒྱང་རོའི་བཙུན་པ་བྱང་ཆུབ་འབུམ་ལ་སོགས་པས་ཁ་སྐོང་མཛད། ལེའུ་ཉི་ཤུ་བར་བོད་ཀྱི་མཁས་པས་མཛད་པའི་དཔེ་དཀོན་མདོ་ཕྱོགས་ཆོས་ཚན་༢༡ ཁ་སྐོང་མཛད་པ་དང་། བསྟན་འགྱུར་འདི་ལ་པོད་གྲངས་ ༡༥༡ དང་། ཆོས་ཚན་༢༠༩༡ བཞུགས་སོ།  དེ་ལ་ཕྱི་མོ་བགྱིས་ཏེ་བདག་ཉིད་ཆེན་པོ་བཟང་བོ་དཔལ་གྱི་ཐུགས་དམ་གྱི་རྟེན་དུ་དེའི་སྲས་བླ་ཆེན་ཀུན་དགའ་བློ་གྲོས་ཀྱིས་ཕྱི་ལོ་༡༣༢༢ ལོར་སྣར་ཐང་པར་རྙིང་བཞིན་དུ་བསྟན་འགྱུར་གསར་བཞེངས་གནང་བ་དེ་ནི་དབུས་བློ་གསལ་ལ་སོགས་པས་ཆོས་ཚན་ཁ་བསྣོན་མ་བྱས་གོང་གི་དཔེར་ཕྱི་མོ་བགྱིས་པ་གསལ་ལོ། དེའི་བསྟན་འགྱུར་ལ་ <དཀར་ཆག་ངོར་ཆེན་ཀུན་དགའ་བཟང་བོས་མཛད་པ་> དེའི་གསུང་འབུམ་དུ་བཞུགས། ༡ རྒྱ་བའི་བཀའ་འགྱུར་རིན་པོ་ཆེའང་གསེར་གྱིས་བཞེངས་པར་བཤད།  ཡང་བདག་ཉིད་ཆེན་པོ་བཟང་བོ་དཔལ་གྱི་སྲས་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པས་ ༡༣༡༣- ༡༣༧༥ བར་བསྟན་འགྱུར་བཞེངས་པར་བཤད་པ་ནི་ཞྭ་ལུ་བསྟན་འགྱུར་ལ་ཕྱི་མོ་བྱས་པར་སྣང་།  མངའ་རིས་གུང་ཐང་བཀྲ་ཤིས་ལྡེ་བསྟན་འགྱུར་གསེར་བྲིས་བཞེངས་པ་ལ་མཁན་ཆེན་བྱང་ཆུབ་རྩེ་མོ་དང་། བོ་དོང་ལོ་ཙཱ་བ་ཤེས་རབ་མེ་ལྕེ། བུ་རོང་ལོ་ཙཱ་བ། འཛངས་པ་ལོ་ཙཱ་བ་སོགས་ཀྱིས་ཞུ་དག་ལེགས་པར་བྱས་པ་༡༤༠༤ ལོར་གྲུབ། ༢ དེའི་སྲས་མངའ་བདག་བསོད་ནམས་ལྡེ་དང་བཙུན་མོ་ཆོས་སྐྱོང་མོ་ཡིས་ཤིང་སྤྲེལ་ལོར་༡༤༠༤ ལོར་ཡབ་གཤེགས་པའི་དགོངས་རྫོགས་སུ་བཀའ་འགྱུར་འགྱུར་རོ་ཅག་གསེར་བྲིས་དང་། བསྟན་འགྱུར་ལེགས་པར་བཞེངས་ཞེས་ལོ་རྒྱུས་དྭངས་སེལ་འཕྲུལ་གྱི་མེ་ལོང་ལས་གསལ།

༤ འཚུར་ཕུར་ཀརྨ་རང་བྱུང་རྡོ་རྗེ་ཡིས་ཤིང་ཕག་ཕྱི་ལོ་༢༣༣༥ ལོར་ཐུགས་དམ་བསྟན་འགྱུར་གསེར་དངུལ་ལས་གྲུབ་པ་པོད་ཏི་༡༦༠ གུང་ཐང་དུ་སི་ཏུ་དགེ་སྦྱོང་ཆེན་མོ་ལ་ཆ་རྐྱེན་གནང་ནས་བཞེངས་བཅུག་པ་ལོ་དེ་ཉིད་ལ་གྲུབ་ནས་རབ་གནས་མཛད་ཅེས་ཀམ་ཚང་ཆོས་འབྱུང་ལས་གསལ། ༣ བཀའ་འགྱུར་གསེར་བྲིས་ཀྱང་བཞེངས་ཡོད་པར་བཤད། དེའི་བསྟན་འགྱུར་ <དཀར་ཆག་ཆོས་རྗེ་རང་བྱུང་རྡོ་རྗེ་> གསུང་འབུམ་ང་དུམ་པར་བཞུགས། ཡང་བཀའ་བསྟན་དེ་གཉིས་ཀརྨ་ལྷ་སྟེང་དགོན་ན་བཞུགས་པར་གསུངས་སོ། །

  ༢ ༼ སྣར་ཐང་བཀའ་འགྱུར་པར་གསར་ནི་ ༽  རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་རིང་བཀའ་འགྱུར་པར་བརྐོ་བའི་འཕྲོ་ལུས་པ་སྤྱི་ལོ་༡༦༨༩ ནས་ ༡༧༤༧ བར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་པར་བརྐོས་ཀྱི་མཐུན་རྐྱེན་ཉེ་བར་སྦྱར་ཏེ་སྟོད་ཤེལ་དཀར་དུ་བཀའ་དང་བསྟན་བཅོས་ཤིང་པར་དུ་བརྐོས་བ་དེ་ཙམ་གྱིས་མ་ཟད། འགོ་འཛིན་དང་ཇུས་འགོད། ཡིག་རྒན། པར་བ། ཞུ་དག་པ་བཅས་དབུས་གཙང་མངའ་རིས་དང་བཅས་པའི་རིག་བྱེད་ལ་མཆོག་ཏུ་སྤྲོ་བའི་གསར་སློབ་མང་པོ་ཤེལ་དཀར་རྫོང་གི་འདབས་རོལ་གྱི་པར་ཁང་གི་གྲྭ་ལ་འདུས་ཏེ་ཐུན་མོང་གི་རྩོལ་བ་ལ་བརྟེན་ནས། སྤྱི་ལོ་༡༢༩༠ ནས་ ༡༣༦༤ བར་བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞུ་དག་བྱས་པའི་བཀའ་འགྱུར་མ་ཕྱི་བྲིས་མ་ཞྭ་ལུའི་གསེར་ཁང་དུ་བཞུགས་པ་དེ་ལ་ཕྱི་མོར་བཅོལ་ཏེ།  སྤྱི་ལོ་༡༧༣༠ ནས་མགོ་བརྩམས་ཏེ་ལོ་གཅིག་དང་ཟླ་ངོ་དྲུག་གི་རིང་ཡོངས་སུ་གྲུབ། དེ་ལ་བསྡོམས་པའི་པོད་བརྒྱ་དང་གསུམ་ཡོད་པར་བཤད་ལ་སྣར་ཐང་བཀའ་འགྱུར་དཔར་གསར་དུ་གྲགས་པ་སྣར་ཐང་དུ་བཞུགས། དེའི་དཀར་ཆག་འོལ་ཁ་སླེ་ལུང་རིན་པོ་ཆེ་བཞད་པའི་རྡོ་རྗེ་བློ་བཟང་འཕྲིན་ལས་ཀྱིས་མཛད་པ <ངོ་མཚར་བཀོད་པ་རྒྱ་མཚོའི་ལྡེ་མིག་> ཅེས་པ་བཞུགས་སོ།།

  ༢ ༼ སྣར་ཐང་བསྟན་འགྱུར་པར་གསར་ཞེས་གྲགས་པ་ནི་ ༽ མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་མཛད་དེ་ནི་སྤྱི་ལོ་༡༧༤༡ ལོར་དབུ་བརྩམས་ཤིང་ལོ་གཅིག་དང་ཟླ་བདུན་ལ་གྲུབ་སོང་བར་བཤད། ༡༧༤༢ ལོའི་ཟླ་བདུན་པར་ལེགས་པར་གྲུབ་པའོ་། །བསྟན་འགྱུར་<དཀར་ཆག་ཚངས་པའི་དབྱངས་ཞེས་པ་> ཕུར་ལྕོག་ངག་དབང་བྱམས་པ་རིན་པོ་ཆེས་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་ཁྱི་ལོར་མཛད། བསྟན་འགྱུར་པར་ཤིང་སྣར་ཐང་དུ་བཞུགས། 

༤ ཡང་མི་དབང་ཕོ་ལྷ་བས་རྒྱལ་བའི་བཀའ་འགྱུར་གསེར་བྲིས་དང་། བསྟན་འགྱུར་གསེར་བྲིས་བཞེངས་ནས་དགའ་ལྡན་དུ་བཞུགས། གསར་རྗེས་སྐབས་བསྟན་འགྱུར་གསེར་བྲིས་པེ་ཅིན་དུ་ཁྱེར་ཡང་རྗེས་མར་ལྷ་སར་ཕྱིར་པཎ་ཆེན་རིན་པོ་ཆེ་ནས་གདན་ཞུས་གནང་སྟེ་དགའ་ལྡན་དུ་བཞུགས་ཡོད། དེའི་དཀར་ཆག་ཕུར་ངག་དབང་ནོར་བུས་བྲིས་པ་ཡོད་པར་སྣང་། །

  ༣ ༼ ཚལ་བ་བཀའ་འགྱུར་ ༽ འདི་ནི་སྣར་ཐང་བཀའ་བསྟན་གྱི་ཤིང་པར་བསྐྲུན་པའི་རྗེས་སུ་བཞེངས་ཤིང་། སྐྱིད་ཤོད་ཚལ་གུང་ཐང་དུ་ཁྲི་དཔོན་སྨོན་ལམ་རྡོ་རྗེ་དང་ཚལ་བ་སི་ཏུ་ཀུན་དགའ་རྡོ་རྗེའམ་དགེ་བའི་བློ་གྲོས་ཡབ་སྲས་ཀྱིས་པར་འདིའི་ཕྱི་མོ་ནི་སྣར་ཐང་བཀའ་འགྱུར་པར་རྙིང་ལ་གཞི་བཅོལ་ཏེ་བཞེངས་པར་བཤད།  ཚལ་བའི་བསྟན་འགྱུར་དཀར་ཆག་མཚན་བྱང་ལ་ <བསྟན་འགྱུར་དཀར་ཆག་སྣ་ཚོགས་ནོར་བུའི་ཕུང་བོ་> དགེ་འདུན་རིན་ཆེན་གྱིས་སྒྲིགས་ཞེས་པ་ཕྱི་མོ་དཔེ་རྒྱུན་དཀོན་མོ་ཞིག་བཞུགས།

  ༤ ༼ ཞ་ལུང་གསེར་ཁང་གི་བཀའ་འགྱུར་དང་བསྟན་འགྱུར་ནི་  ༽ རབ་བྱུང་དྲུག་པའི་ཤིང་ཁྱི་ ༡༣༣༤ ལོར་ཞ་ལུ་སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་སྦྱིན་བདག་བྱས་ཏེ། བུ་སྟོན་རིན་པོ་ཆེ་ཞུས་དག་གནང་མཁན་དུ་གདན་དྲངས་ནས་བསྟན་འགྱུར་ཆ་ཚང་ཞིག་བཞེངས་པ་ཞ་ལུའི་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས་ཤིང༌། དེའི་དཀར་ཆག་ཀྱང་བུ་སྟོན་རིན་པོ་ཆེས་མཛད་པ་ <བསྟན་འགྱུར་ཀྱི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་> བུ་སྟོན་རིན་པོ་ཆེའི་གསུང་འབུམ་པ་བའི་ནང་བཞུགས། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་སྔ་རྗེས་སུ་སྣར་ཐང་དང་ཚལ་བའི་བཀའ་བསྟན་གཉིས་བྱུང་བ་རྣམས་ལ་དག་ཐེར་དང་འཕྲི་བསྣོན་ཡང་དག་གནང་བ་ནི།དཔེར་ན། བུ་སྟོན་ཆོས་འབྱུང་དུ་བཀའ་འགྱུར་ལ་དཀར་ཆག་ཕང་ཐང་མ་དང་ལྡན་དཀར་མ་ལྟར་ན་མདོ་ཕྱོགས་ཆོས་ཚན་༣༧ ལག་ཏུ་མ་སོན་པར་གསུངས་པ་དང་།  ཡང་ན་སྣར་ཐང་བསྟན་འགྱུར་ལས་བོད་ཀྱི་མཁས་པས་བརྩམས་པའི་ཆོས་ཚན་བརྒྱ་ལྷག་༡༦༨ དོར་བ་དང་། བྱིངས་ཡུལ་གཞན་གྱི་སྐད་ལས་བསྒྱུར་བ་ཤ་སྟག་ཡིན་པ་གསར་དུ་ཆོས་ཚན་སྟོང་ལྷག་བསྣན་པར་ཉམས་ཞིབ་པས་གསུངས། དེ་ལྟར་བཀའ་བསྟན་གྱི་དཀར་ཆག་གསར་རྩོམ་གནང་བ་དང་བཀའ་བསྟན་གསར་བཞེངས་གནང་བ་ཞ་ལུང་གསེར་ཁང་དུ་བཞུགས་ཅེས་རྒྱལ་དབང་ལྔ་བ་རིན་པོ་ཆེས་གསུངས། བཀའ་བསྟན་རྗེས་མ་ཕལ་ཆེར་གྱི་ཕྱི་མོ་འདི་ལ་བྱས་སོ་ཞེས་འབྱུང་། །

  དེ་ལ་ཕྱི་མོ་བགྱིས་ཏེ་རིན་སྤུངས་དཔོན་ནམ་མཁའ་རྒྱལ་མཚན་གྱིས་༡༤༠༨ ལོར་ཤོག་སྐྱའི་སྟེང་ལ་བསྟན་འགྱུར་བཞེངས་ནས་རྩེད་ཐང་གི་ཆོས་གྲྭར་བཞུགས། 

  ༥ དེ་ལ་ཕྱི་མོ་བཤུས་ཏེ་གོང་དཀར་ཨ་ནག་བཞི་འཛོམས་ཀྱིས་གསེར་ཀྱི་བཀའ་འགྱུར་སོགས་བཞེངས། དེ་ནི་ ༡༣༧༤- ༡༤༣༢  ལོ་བར་སྐབས་ཀྱི་སྣེ་གདོང་དཔོན་པོ་ཞིག་ཡིན།  ༦ ཡར་རྒྱབ་པ་རིན་ཆེན་རྒྱལ་བོ་སྐུ་མཆེད་དགེ་བསྙན་པས་བྱམས་པ་གླིང་དུ་གསེར་ཀྱི་བཀའ་འགྱུར་བཞེངས། དེ་ཡང་སྣེ་གདོང་དཔོན་པོ་ཞིག་ཡིན།  ༧ ཀརྨ་སྐུ་འཕྲེང་དྲུག་པ་མཐོང་བ་དོན་ལྡན་གྱིས་ ༡༤༡༦- ༡༤༥༣ བར་ལ་ཞྭ་ལའི་བཀའ་བསྟན་གྱི་ཕྱི་མོ་བགྱིས་ཏེ་གསེར་ཀྱི་བཀའ་འགྱུར་དང་བསྟན་འགྱུར་བཞེངས་པ་ལས་ཁམས་ཕྱོགས་སུ་དཔེ་རྒྱུན་མང་བོ་སྤེལ།   སྡེ་བ་སྟག་རྩེ་བས་བཀའ་འགྱུར་བསྟན་འགྱུར་སྔར་གྱི་སྟེང་དུ་དུས་ཕྱིས་ཕྱི་མོ་རྙེད་པ་མང་བོ་བསྣན་སྟེ་བཞེངས་པ་བཅས་སོ། ། ༨ ཏའི་སི་ཏི་བྱང་ཆུབ་རྒྱལ་མཚན་རང་ལོ་ང་དགུ་པ་རབ་བྱུང་དྲུག་པའི་ལྕགས་གླང་༡༣༦༡ ལོར་རང་ཉིད་ཀྱི་ལོ་རྒྱུས ་<བཀའ་ཆེམས་དེབ་ཐེར་> བརྩམས། དེ་ཡི་ཕྱི་ལོར་བུ་སྟོན་རིན་པོ་ཆེའི་དངོས་སློབ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་སོགས་དགེ་བཤེས་མཁས་པ་མང་པོ་ཞུས་དག་དང་གདན་དྲངས་ཏེ་རྩེད་ཐང་དགོན་པར་གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བཞེངས་སྒྲ་ཚད་པས་བསྟན་འགྱུར་ཀྱི་<དཀར་ཆག་ཡིད་བཞིན་ནོ་བུའི་ཟ་མ་ཏོག་ཅེས་པ་མཛད་>   ༩ བྲག་དཀར་བློ་བཟང་དཔལ་ལྡན་འཁྲུངས་འདས་ནི་ ༡༨༦༦- ༡༩༢༩ ལོ་བར་བཀའ་འགྱུར་གསེར་བྲིས་བཞེངས་གནང་འདུག ། ༡༠ པོ་ཏཱ་ལའི་འཁྲུངས་རབས་ལྷ་ཁང་དུ་རྒྱ་ཤོག་དམར་པོའི་ངོས་གསེར་བྲིས་བྱས་པའི་བཀའ་འགྱུར་ཆ་ཚང་གཅིག་དང༌། ༡༡ རྒྱ་ཤོག་སྔོན་པོར་གསེར་བྲིས་བྱས་པའི་བཀའ་འགྱུར་ཆ་ཚང་གཅིག དེ་བཞིན་རྒྱ་ཤོག་སྔོན་པོར་དངུལ་བྲིས་དང༌། དཀར་པོར་ཟངས་བྲིས། ལྗང་ཁུར་མཚལ་བྲིས་བྱས་པའི་བཀའ་འགྱུར་ཆ་ཚང་རེ་རེ་བཅས་བཀའ་འགྱུར་ཆ་ཚང་ལྔ། རྒྱ་ཤོག་དཀར་པོར་མཚལ་བྲིས་བྱས་པའི་བསྟན་འགྱུར་ཆ་ཚང་གཅིག་བཅས་བཀའ་བསྟན་གཉིས་བསྡོམས་པས་པོད་བདུན་བརྒྱ་བརྒྱད་ཅུ་གྱ་བརྒྱད་བཞུགས་ཞེས་དུང་དཀར་ཚིག་མཛོད་དུ་གསལ།      ༡༢ འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་རྒྱ་ནང་ནས་ ༡༢༦༥ ལོར་ས་སྐྱར་ཕེབས། མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་ནང་དུ་རྡོར་དབྱིངས་ཀྱི་ལྷ་ཚོགས་བཞུགས་པ་དང༌། བླ་མ་གོང་མ་རྣམས་ཀྱི་སྐུ་འབུམ་བདུན་ལ་གདུགས་དང་ཆོས་འཁོར་གསེར་ཟངས་ལས་གྲུབ་པ། གསེར་བྲིས་ཀྱི་བཀའ་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་སོགས་གསར་བཞེངས་གནང༌ཞེས་ས་སྐྱའི་གདུང་རབས་ལས་གསལ། ༡༣ ཀརྨ་ཞྭ་དམར་བ་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་འཁྲུངས་འདས་ནི་༡༤༥༣- ༡༥༢༤བར། རབ་བྱུང་བརྒྱད་པའི་ཆུ་ཕག་༡༥༠༣ ལོར་ཡངས་ཅན་དགོན་པ་ཕྱག་བཏབ། ཞྭ་དམར་སྐུ་ཕྲེང་བཞི་པས་བཞེངས་པའི་ཐུབ་ཆེན་གཙོ་འཁོར་གསུམ་པ་དང་གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་སོགས་ཀརྨ་ཞྭ་དམར་བ་སྐུ་ཕྲེང་རིམ་བྱོན་གྱིས་བཞེངས་པའི་རྟེན་གསུམ་ཁག་མང་པོ་བཞུགས། ། ༡༤ རོང་བོ་ཤར་ཚང་ངག་དབང་འཕྲིན་ལས་རྒྱ་མཚོ་འཁྲུངས་འདས་༡༦༧༨- ༡༧༣༩ བར་རྗེ་འདི་པའི་ལྗགས་བཀོད་ལྟར་སྦྱིན་བདག་ཨརྒེར་གྱིས་རོང་པོ་ནང་བཀའ་འགྱུར་གསེར་བྲིས་མ་བཞེངས། ༡༥ རྗེ་བཙུན་གྲགས་པ་རྒྱལ་མཚན་དགུང་ལོ་བདུན་ཅུ་ཐམ་པ་བར་ལོ་ངོ་ལྔ་བཅུ་ང་བདུན་རིང་གདན་ས་མཛད། དབུ་རྩེ་སྙིང་མའི་གཙུག་ལག་ཁང་དང་། གསེར་བྲིས་ཀྱི་བཀའ་འགྱུར་བཞེངས། ༡༦ གུ་ཤྲི་ཆོས་ཀྱི་རྒྱལ་མཚན། ཀ་ཐོག་སི་ཏུའི་སྐུ་ཕྲེང་དང་པོ་མཚན་དངོས་ལ་རིན་ཆེན་འབྱུང་གནས་ཟེར། བཀའ་འགྱུར་གསེར་བྲིས་བཞེངས། ཀམ་ཚང་ཆོས་འབྱུང་ལས་གསལ། ༡༧ བཀའ་འགྱུར་ལུང་བྲིས་མ་ནི། གོང་མ་ཆན་ལུང་རྒྱལ་བོའི་ཡབ་མེས་ཐའི་ཧོས་བཀའ་འགྱུར་གསེར་བྲིས་རིན་པོ་ཆེ་སྣ་ཚོགས་པས་ཕྲ་བཀོད་པ་ལྟ་བས་ཆོག་མི་ཤེས་པ་ཞིག་བཞེངས་ཅེས་བོད་སོག་ཆོས་འབྱུང་དུ་གསལ། ཁང་ཞིའི་བཀའ་འགྱུར་གསེར་བྲིས་མ་ཞེས་པ་དང་དེ་གཉིས་གཅིག་ཡིན་ནམ་སྙམ། དེ་ནི་ཐའེ་པེའི་ཕོ་བྲང་རྙིང་མའི་རྟེན་མཛོད་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་གཙུག་ལག་འཛམ་གླིང་ཐོག་ཧ་ཅང་མཐོང་དཀོན་པ་མང་པོ་ཉར་ཚགས་གནང་ཡོད།  དེ་ལས་སྐད་གྲགས་ཆེ་ཤོས་ནི་གོང་མ་ཁང་ཤིའི་ལོ་བརྒྱད་པར་གྲུབ་པའི་ ༡༦༦༩  ལོར་དུས་ཡུན་ལོ་ངོ་གཉིས་རིང་གསེར་ཞུན་གྱིས་ལེགས་པར་བྲིས་པའི་རྒྱལ་བའི་བཀའ་འགྱུར་དེ་ཡིན།  ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན་ཆིན་ཁང་ཤིའི་རྨོ་མོ་རྒྱལ་ཡུམ་ཞའོ་ཀྲོང་ལགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་མོས་ཤིན་ཏུ་ཆེ།  རྒྱལ་ཡུམ་ལགས་ཀྱིས་འགྲོ་གྲོན་བསྡུ་རབ་བྱས་པ་དང་ཁང་ཤིས་བཀའ་བཀོད་ལྟར་བསྡོམས་པའི་གསེར་སྲང་ ༡༧༨༢  ཞུན་མར་བརྡར་ནས་ཡིག་མཁན་ ༡༧༡ གིས་མཐིང་ཤོག་ལ་བྲིས་པ་ཡིན།  བཀའ་འགྱུར་ལུང་བྲིས་མ་ཐོག་མར་གོང་མའི་ཕོ་བྲང་གི་ཚི་ཉིན་ཕོ་བྲང་ཏུ་མཆོད་བཞུགས་གནང་ཡོད། ལོ་རེའི་དུས་ཆེན་གལ་ཆེན་ལ་སྐྱེས་ཆེན་གྱི་དགེ་འདུན་པས་ཀློག་འདོན་བྱེད་པ་ཡིན། 

༡༩༤༩  ལོར་བཀའ་འགྱུར་ལུང་བྲིས་མ་གླེགས་བམ་ཆ་ཚང་ཐའེ་ཝན་དུ་དབོར་འདྲེན་བྱས་པ་དང་ཐའེ་པའེ་གནའ་བོའི་ཕོ་བྲང་གི་རྟེན་ནོར་གཙོ་བོ་ཡིན། བཀའ་འགྱུར་ལུང་བྲིས་མ་དེ་ནི་ལོ་རྒྱུས་རིང་ལ།  གླེགས་བམ་མང་ལ་མཛེས་རིས་བཀོད་པ་རྒྱ་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་བླ་མེད་ཅིག་ཡིན།

ལོ་རྒྱུས་སུ་བཀའ་འགྱུར་ལུང་བྲིས་མར་རྒྱ་སྐད་ལ་ལུང་ཙའན་ཅིན་ཅེས་འབོད།  ལོ་རྒྱུས་ཀྱི་ཤོད་རྒྱུན་ལ་བཀའ་འགྱུར་ལུང་བྲིས་མར་ཐེངས་གཅིག་མཇལ་བ་ཙམ་གྱིས་སྐྱེ་བ་བདུན་ལ་བསོད་ནམས་ཀྱི་ཚོགས་བསགས་ཐོབ་ཅེས་བཤད། བཀའ་འགྱུར་ལུང་བྲིས་མར་ཆོས་ཚན་ ༡༠༥༧  བསྡུས་ཡོད་པ་དང་པོད་༡༠༨ ལ་ལྡེབ་ཤོག་ཁྲི་༡༠ ལྷག་བཞུགས། པོད་རེའི་གོང་འོག་ཏུ་གླེགས་ཤིང་ཕྱི་ནང་གཉིས་རེ་ཡོད། ནང་མའི་གླེགས་ཤིང་གོང་འོག་གཉིས་རེ་བསྡོམས་པའི་༢༡༦ བཞུགས་ཡོད། དེ་བཞིན་དར་ཚོན་སྣ་ལྔས་གྲུབ་པའི་ཞལ་ཁེབས་སྟེང་འབྲུག བཀྲ་ཤིས་རྟགས་བརྒྱད་སོགས་རི་མོ་སྣ་ཚོགས་གཙགས་ཡོད།

གཞན་མུ་ཐི་ལི་དང་། དྲུ་མ།  གཡུ། མ་མུན། པད་རག མ་ནོན་ཧོ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་རྒྱན། པོད་རེར་རིན་པོ་ཆེ་༡༣༣ དང་གླེགས་བམ་ཡོངས་ལ་བསྡོམས་པས་ཕྲ་༡༤༣༦༤  རྒྱན་ཡོད། ནང་མའི་གླེགས་ཤིང་སྟེང་སངས་རྒྱས་བྱང་སེམས་སྲུང་མ་སོགས་པོད་རེར་ལྷ་སྐུ་༧ རེ་བྲིས་བཞེངས་གནང་ཡོད་པ་བསྡོམས་པས་ལྷ་སྐུ་༧༥༦  ཡོད་ཅེས་པ། བྱམས་པས་བྲིས་ཞེས་པ་ལས་གསལ།  

དུས་རབས་བཅྭོ་བརྒྱད་པའི་ནང་ལ་བདེ་ཐང་མཁན་པོ་མཚངས་དབྱངས་རྒྱ་མཚོས། ལི་ཐང་བཀའ་འགྱུར་དཔར་མ་ཆ་ཚང་ཞིག་བླུས་པ་དང་། སྤྱི་ལོ་ ༡༧༡༨ ལ་མཁན་པོ་མཚངས་དབྱངས་ཚང་གིས་ཐུགས་དགོངས་ཆེར་བཞེས་དང་ཡོན་སྦྱོར་གནང་སྟེ་དབོན་པོ་དཀའ་བཅུ་བ་མངགས་བཅོལ་གྱིས་ཅོ་ནེ་ནང་སོ་ངག་དབང་འཕྲིན་ལས་རྒྱ་མཚོ་སྐུ་མཆེད་ལ་ཡར་ཞུ་དང་རོགས་འདེགས་བྱེད་པར་སྐུལ་མ་ཞུས་པ་དང་། ཅོ་ནེ་དཔོན་པོ་དམག་ཟོར་མགོན་པོ་དང་མཁན་པོ་ཚང་རྣམ་གཉིས་ཀྱིས་ཀྱང་དང་བླང་གིས་འགོ་བ་རིན་ཆེན་དཔལ་བཟང་ལས་གཉེར་པ་ལ་བཀོད་བཞག་བྱས། དེའི་ཡི་གེ་བ་མཛངས་པ་ཐམས་ཅད་བསྡུ་རུབ་ཀྱིས་རྒྱལ་བའི་དཀའི་དགོངས་པ་འགྲེལ་བའི་བསྟན་འགྱུར་རིན་པོ་ཆེ་ཞེས་གྲགས་པ་མཐོང་ཤོག་གི་སྟེང་ལ་གསེར་དངུལ་གྱི་དབུ་ཤོག་ཐམས་ཅད་བཞེངས་ནས་ཟླ་བ་སྲིད་པའི་གྲངས་སྙེད་ལ་བསྟན་འགྱུར་རིན་པོ་ཆེ་བཞེངས་ནས་ལེགས་གྲུབ་བྱུང་བས། བདེ་ཐང་མཁན་རིན་པོ་ཆེ་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་གྱུར། ཅོ་ནེ་མཁན་པོ་ཚང་ངག་དབང་འཕྲིན་ལས་རྒྱ་མཚོས་རྗེ་གསུང་འབུམ་གསེར་བྲིས་མ་སོགས་མདོ་གཟུངས་མང་བོ་གསེར་དངུལ་གྱི་བྲིས་མ་བཞེངས་ཡོད་པར་བཤད། ༡༨ བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་ནི་  ༢༠༢༡ ལོར་དུས་རབ་ཉེར་གཅིག་པའི་རབ་གནས་ལྕགས་ཕག་ལོར་ལེགས་གྲུབ་བྱུང་།   དེ་ལ་དུམ་པ་བརྒྱ་དང་གསུམ་ཡོད་ལ་ཤོག་གྲངས་ ༤༥༢༥༠ ཡོད། གླེགས་ཤིང་བརྒྱ་དང་གཉིས་ཙན་དན་དམར་པོ་ཡིན་ལ་བསྐལ་བཟང་གླེགས་ཤིང་གསེར་ཟངས་ལས་གྲུབ་པ་ཡིན། སྦྱིན་བདག་ནི་མགོ་ལོག་ལུང་སྔོན་དགོན་གྱི་སྤྲུལ་སྐུ་བློ་བཟང་ཆོས་རྗེ་ཚང་ཡིན་ལ་ལོ་གཉིས་ནང་གཅན་ཙ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གི་ཡིག་འབྲི་བ་༡༢༠ འབྲི་བཞེངས་ལེགས་གྲུབ་བྱུང་བ་ཡིན་ནོ། ། 

༥ ༼ རྒྱལ་རྩེ་ཐེམ་དཔང་མའི་བཀའ་འགྱུར་༽ ཚལ་བའི་བཀའ་འགྱུར་རྗེས་སུ་བུ་སྟོན་རིན་པོ་ཆེ་སྤྱན་དྲངས་ཏེ་ཞུ་དག་དང་གོ་བསྡུར་ལེགས་པར་གནང་ཐོག་དག་ཐེར་ཞིབ་མོ་མཛད་ཅིང་རྩོད་པ་ཅན་དང་དོགས་པ་ཅན་ཅན་རྣམས་བཏང་སྙོམས་སུ་བཞག །རྣམ་པར་དག་ངེས་ཡོངས་རྫོགས་དཀར་ཆག་ཏུ་ཐེམ་ཡིག་ཕྱོགས་བསྒྲིགས་མཛད་པ་ཀུན་གྱིས་ཚད་ཐུབ་ཀྱི་དཔང་བོར་བཟུང་ཆོག་པ་ཞིག་བཞེངས་ནས་ཞ་ལུང་གསེར་ཁང་དུ་བཞུགས། དེ་ལ་དཀར་ཆག་ཐེམ་དཔང་མ་ཞེས་གྲགས་པ་བྱུང་། རྒྱལ་དབང་ལྔ་བ་རིན་པོ་ཆེ་ནས་དཀར་ཆག་ཐེམ་སྤང་མ་ཞེས་གསུངས་འདུག  བུ་སྟོན་རིན་པོ་ཆེ་དཀར་ཆག་ཐེམ་དཔང་མ་གཞིར་བཟུང་གིས་རྒྱལ་རྩེ་ཆོས་རྒྱལ་གྱིས་བཀའ་འགྱུར་ཡོངས་རྫོགས་དཔར་གཞི་གསར་དུ་བཞེངས་པ་ལ། རྒྱལ་རྩེ་ཐེམ་དཔང་མ་ཞེས་གྲགས་པ་བྱུང་དེ་ནི་གསེར་བྲིས་མ་ཡིན་པར་གསལ་ལ་ཁྱུང་བོ་གཡུ་ཁྲིའི་ཡིག་གཟུགས་ཡིན་པར་བཤད་། བཀའ་འགྱུར་རྗེས་མ་ཚང་མས་པར་གཞི་དེ་གཉིས་གཙོ་བོར་བཟུང་ཡོད་པར་གསུངས། 

༡༩ བཀའ་འགྱུར་རིན་པོ་ཆེ་འཛམ་གླིང་གཡས་བཞག་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ཕྱི་ལོ་༡༦༧༡ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་བཀའ་བཀོད་གནང་བ་ལྟར། སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་སྟོབས་ཀྱིས་བཞེངས་པའི་བཀའ་འགྱུར་མགོ་མཇུག་ཡོངས་རྫོགས་མཐིང་ཤོག་ལ་གསེར་བཏུལ་མ་འབའ་ཞིག་གིས་བྲིས་ཤིང་། གླེགས་ཤིང་རྣམས་ཙན་དན་དམར་པོ་ལ་གདོང་བརྐོས་རྣམས་བ་སོ་བརྐོས་མ་པ་ཏྲ་རིས་ཀྱིས་མཛེས་པ། ཆོས་ཆབ། ཆོས་ཐག དབུ་ཤོག་དང་བོ་གཉིས་ལ་དབུ་ལྷ་སོགས་བཟོ་བཀོད་འགྲན་ཟླ་བྲལ་བ་གསར་བཞེངས་མཛད་ཅིང་། དེ་དུས་ཀྱི་གསེར་དང་། སྣག་ཚ། བཟོ་པའི་གླ་དང་བྱ་དགའ་བཅས་བསྡོམས་པའི་འགྲོ་གྲོན་འབྲུ་ལ་ཕབ་ན་ཁལ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་སོང་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ་ནང་གསལ་བས། དེ་དུས་ཀྱི་འབྲུའི་རིན་ཐང་འབྲུ་ཁལ་རེར་དངུལ་སྲང་མེད་ཞོ་མེད་སྐར་དྲུག་དང་ཕྱེད་ཡིན་པས་རིན་ཐང་དམའ་པོ་ཡིན་ཡང་། དེང་སང་༡༩༩༠ ལོ་ལྷ་ས་ཁུལ་དུ་འབྲུ་ཁལ་རེར་སྒོར་བཅུ་བཞི་དང་། རྒྱ་མ་རེར་སྒོར་མེད་ཟུར་ལྔ་རེ་བྱས་པའི་རིན་ཐང་ལྟར་བརྩིས་ན་སྒོར་ས་ཡ་གཅིག་དང་ཆིག་འབུམ་དགུ་ཁྲི་བརྒྱད་སྟོང་དྲུག་བརྒྱ་དྲུག་ཅུ་རེ་དྲུག་ཡིན་ཞེས་གསལ་ལ་འབྲས་སྤུངས་ན་བཞུགས་པར་གསུངས། མ་ཕྱི་ནི་རྒྱལ་རྩེ་ཐེམ་སྤངས་མ་ཡིན་པར་ཡང་གསལ། ༢༠ རྒྱལ་དབང་ལྔ་བ་རིན་པོ་ཆེ་གསེར་གདུང་འཛམ་གླིང་རྒྱན་གཅིག་གཟུངས་གཞུགས་ལ་བཀའ་བསྟན་གསེར་བྲིས་ཆ་ཚང་བཞུགས་ཡོད་བར་སྣང་། འཕྱོངས་རྒྱས་ཕྱིང་དབར་སྟག་རྩེའི་བཀའ་འགྱུར་ལྗགས་ཞུས་མ་ཞེས་པ་བཞུགས་པར་བཤད། 

༦ ༼ ལི་ཐང་བཀའ་འགྱུར་ ༽ ལི་ཐང་བཀ་འགྱུར་ནི་ཚལ་བའི་པར་ལ་ཕྱི་མོར་བགྱིས་ཤིང་པར་མ་དང་བྲིས་མ་གཉིས་ཀར་གཏུགས་ནས་ཞུས་དག་ཞིབ་མོར་གནང་ཐོག །དུས་རབས་བཅུ་བདུན་པའི་ཕྱེད་ཙམ་ན་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་འབྲོང་སྡེའམ་འཇང་ས་ཐམ་བྱ་བར་བཞེངས། ཕྱིས་སུ་ཁམས་ལི་ཐང་དུ་གདན་འདྲེན་ཞུས་པས་པར་དེ་ལི་ཐང་བཀའ་འགྱུར་དུ་གྲགས་སོ། །འདི་འབྲོང་སྡེར་མི་བཞུགས་པར་ལི་ཐང་དུ་ཅིའི་ཕྱིར་སྤོས་ཞེས་ན། གུ་ཤྲི་ཧན་འདས་རྗེས་ཁོང་གི་ཚ་བོ་མཁའ་གྲོ་བློ་བཟང་བསྟན་སྐྱོང་དུ་འབོད་པ་དེས་འབའ་ལི་རྒྱལ་གསུམ་ཁོངས་ཀྱི་སྤྱི་དཔོན་བྱེད་སྐབས་དེ་སྔའི་སྲིད་གཞུང་ལ་ལོག་པར་འཁུ་བའི་དམག་ཟིང་བསླངས་པར་བརྟེན། ཏཱ་ལའི་ཧན་གྱིས་གཙོ་བོ་བྱས་པའི་བོད་སོག་གི་དམག་དཔུང་མངགས་ཏེ་ཆམ་ལ་ཕབ་མོད་ཀྱང་། དེ་རྗེས་ད་དུང་མ་རུངས་པའི་ཟིང་སློང་བ་འོངས་བར་དོགས་ནས་ལི་ཐང་དགོན་ཆེན་དུ་གདན་འདྲེན་ཞུས་སོ། པར་དེ་ལ་པོད་བརྒྱ་དང་བརྒྱད་ཡོད། པར་མ་ཚར་གཅིག་འཇང་ས་དམ་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་ལྷ་ལྡན་གཙུག་ལག་ཁང་དུ་ཕུལ་ཡོད་པ་དེ་ནི་པར་གཞི་དེའི་དཔར་ཕུད་ཡིན་པ་ཡི་གེ་འགར་བྱུང་། དུང་དཀར་རིན་པོ་ཆེས་དེ་སྔོན་ལྷ་ས་གཙུག་ལག་ཁང་གི་རྩེ་ཐོག་ལྷོ་ངོས་བཀའ་འགྱུར་ལྷ་ཁང་དུ་ལི་ཐང་མཚལ་དཔར་པོ་ཏི་བརྒྱ་དང་བརྒྱད་ལ་པོད་རེ་རེ་བཞིན་དར་གོས་ཀྱི་དཔེ་སྒྲིལ་དང་། པོད་གཉིས་ལ་འཇུག་སྣོད་ཤིང་སྒམ་རེ་བཅས་ཡོད་ཅེས་གསུངས་པས་ད་དུང་ཡང་བཞུགས་ངེས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པའི་ཡབ་གཞིས་སུ་ཚར་གཅིག་བཞུགས་པ་རིག་གསར་སྐབས་ཤུལ་མེད་དུ་བཏང་། བཀའ་གྱུར་འདིའི་པར་ཤིང་སྤྱི་ལོ་༡༩༠༨ ལོར་པར་ཤིང་དུས་འཁྲུག་གིས་རྐྱེན་པས་འཇིག་སོང་བས་ད་ལྟ་མི་བཞུགས། པར་དེ་འཇང་ས་དམ་རྒྱལ་པོས་སྦྱིན་བདག་གནང་བ་ལ་བརྟེན། ཀརྨ་ཆོས་དབྱིངས་རྡོ་རྗེས་འགོ་འཛིན་གནང་སྟེ་ལི་ཐང་དགོན་ཆེན་དུ་བཞེངས་པར་བཤད་ཀྱང་བཞེངས་པ་དངོས་དེ་མིན་ཚོད། དཀར་ཆག་ <ཐུབ་པ་དགྱེས་བྱེད> ཅེས་པདང་ <པར་གྱི་བྱུང་བ་བརྗོད་པ་རིན་པོ་ཆེའི་མེ་ལོང་> བྱ་བ་གཉིས་གར་དབང་ཆོས་ཀྱི་དབང་ཕྱུག་ཉིད་ནས་མཛད་པ་བཞུགས་སོ།།

༧ ༼ཅོ་ནེའི་བཀའ་འགྱུར་ནི་༽ ཅོ་ནེ་དཔོན་རབས་བཅུ་གཅིག་པ་དམག་ཟོར་མགོན་པོ་ཡབ་ཡུམ་སྲས་དང་བཅས་པ་ཞལ་འཛོམས་པའི་སྐབས། དཔོན་པོ་ཉིད་ཀྱིས་ལྷག་བསམ་གྱི་ཁུར་བཞེས་ཏེ་རང་གི་མངའ་འོག་ན་ཡོད་པའི་ཡི་གེ་བ་དང་པར་རྐོ་བ་རྣམས་བསྡུས། དེ་དག་ལ་དར་ཧན་གྱིས་བདག་རྐྱེན་མཛད་ནས་པར་བརྐོ་དགོས་བའི་ཞལ་བཀོད་གནང་། མཁྱེན་པའི་དབང་ཕྱུགས་མཁན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སྡེ་དགེ་དང་སྣར་ཐང་།  ལི་ཐང་པར་མ། པེ་ཅིན་པར་མ། དབུས་བྲིས་དག་པ་ལྔ་ལ་ཕྱི་མོར་བཅོལ་ནས་ཡི་གེ་མི་ལེགས་པ་དང་ཆད་ལྷག་ཡོད་པ་རྣམས་སླར་བརྗེས་ནས་ངོས་གཙང་སྤུས་དག་པར་བསྒྲུབས་ཏེ་ཡོངས་རྫོགས་བཞེངས། སྤྱི་ལོ་༡༧༢༡་ལོ་ནས་མགོ་བརྩམས་ཏེ་སྤྱི་ལོ་༡༧༣༡ ལོར་ཡོངས་སུ་གྲུབ་སྟེ། འཛད་པ་མེད་པའི་ཆོས་སྦྱིན་གྱིས་ཕྱོགས་ཀུན་ཏུ་ཁྱབ་པར་བྱས་སོ། པར་དེའི་ཡི་གེ་གཟུགས་མཛེས་པ། བརྐོས་ཟབ་པ། འབྲུ་གསལ་བ། དག་ཐོན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ནི་ཀུན་ལ་གྲགས་སོ། །ཅོ་ནེ་བཀའ་བསྟན་གྱི་པར་ཤིང་ནི་སྤྱི་ལོ་༡༩༢༨་ལོར་ཀ་ཅུའི་ཇག་ཚོགས་མཱ་ཀྲུང་དབྱིན་སོགས་ཀྱིས་སྔ་ཕྱིར་དགོན་ཆེན་བཅོམ་སྐབས་མེར་སྲེག་བཏང་བ་དང་། དཔར་མ་ནི་ ༡༩༥༨ འཇིག་ཟིན། ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་ཚར་གཅིག་གཉིས་ཤིག་བཞུགས་ཀྱང་མང་པོ་མི་འདུག ཨ་རིའི་ཝ་ཤོན་ཊོན་རྒྱལ་བཙུགས་དཔེ་མཛོད་ཁང་ཆེན་མོར་ཚར་གཅིག་བཞུགས་པར་བཤད། དེ་ནི་སྤྱི་ལོ་༡༩༢༧ ལོར་དཔེ་མཛོད་དེ་གའི་རབ་འབྱམས་པ་ཝའོར་ཐའེ་ལགས་ཀྱིས་བསྐུལ་ངོར། སྐབས་དེར་ཅོ་ནེ་དགོན་ཆེན་དུ་སློབ་སྦྱོང་དང་རྩད་ཞིབ་ལ་གཞོལ་མུས་ཀྱི་ཨ་རི་བ་ལོལ་ཁི་བྱ་བར་ལག་སོན་བྱུང་བ་དང་། ཁོས་སྒམ་མམ་སྒྲོམ་དགུ་བཅུ་གོ་གཉིས་ཀྱི་ནང་དུ་ལེགས་པར་བཅུག་སྟེ་ཁལ་མ་ལ་བརྟེན་ནས་ལན་ཀྲུའུ་ལ་གདན་དྲངས། དེ་ནས་ལོ་གསུམ་སོང་བ་དང་ཨ་རིའི་རྒྱལ་ཁབ་ཏུ་བསླེབས། འཇར་པཎ་དུ་བཞུགས་པའི་ཅོ་ནེ་བཀའ་བསྟན་ཆ་ཚང་དེ་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་ནས་འཇར་པན་གྱི་མི་རིགས་བོད་དུ་ཕེབས་སྔ་ཤོས་ཡིན་པ་དགེ་སློང་ཤེས་རབ་རྒྱ་མཚོའམ་ཨེ་ཁའི་ཁ་བ་གུ་ཅིར་ཟེར་བ་ལ་སྤྱི་ལོ་༡༩༣༧ ལོར་གསོལ་རས་གནང་བ་ཡིན་ལ། ༡༢༤༠ ལོར་རྒྱལ་ས་ཊོག་ཁྱོའི་ཐོ་ཡོ་སྦུང་གོའི་དཔེ་མཛོད་ཁང་དུ་ཡོད་སྐད་དང་། རི་བོ་རྩེ་ལྔའི་དགོན་པའི་ནང་དུ་བཀའ་བསྟན་ཆ་ཚང་གཅིག་བཞུགས་ཡོད་ཅེས་ཟེར། ད་དུང་ཕྱི་སོག་དང་ར་ཤི་ཡ་བླ་བྲང་སོགས་སུ་ཆ་ཚང་རེ་གཉིས་ཡོད་སྐད། ཅོ་ནེ་གྲགས་པ་བཤད་སྒྲུབ་གྱིས་ཞུས་ཆེན་དང་< དཀར་ཆག་གསལ་བའི་མེ་ལོང> ཞེས་པ་གསུངས་སོ།།

༣ ༼ ཅོ་ནེ་བསྟན་འགྱུར་ ༽ ནི་དམག་ཟོར་མགོན་པོ་ཡབ་ཡུམ་སྲས་དང་བཅས་བས་སྔ་མོ་ནས་པར་དུ་བསྒྲུབ་པའི་ཐུགས་འདུན་ཡོད་ཀྱང་། བྲེལ་བ་སྣ་ཚོགས་ཀྱི་དབང་གིས་རེ་ཞིག་ལུས་པ་ན། ཆོས་རྗེས་སངས་རྒྱས་དཔལ་བཟང་གིས་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྐྲུན་པ་ཞིག་བྱུང་ན་བསྟན་པ་སྤྱི་སྒོས་ལ་ཕན་ཐོགས་རྒྱ་ཆེན་པོ་འགྱུར་རོ་ཞེས་རྟིང་བསྐུལ་ཡང་ཡང་མཛད་པར་བརྟེན། རིན་ཆེན་དཔལ་འཛོམས་དང་དཔོན་རབས་བཅུ་གསུམ་པ་བསྟན་སྲུང་ཚེ་རིང་བཅས་ཐུན་མོང་ནས་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་བསྒྲུབ་པའི་ཁུར་བཞེས་ཏེ། དབུས་པར་དང་། སྣར་ཐང་དཔར་མ། སྡེ་དགེ་པར་མ། པེ་ཅིན་དཔར་མ་བཞི་ལ་ཕྱི་མོ་བྱས་ཏེ་ཞུ་དག་དང་མཆན་བརྒྱབ། དེའི་དགོས་མཁོ་ཐམས་ཅད་ལ་དབང་ཡོད་ཀྱིས་མི་སེར་བསྐུལ་ཞིང་ཁྲལ་ལེན་པ་སོགས་མ་མཛད་པར་རིན་ཐང་ཡུལ་དུས་ལ་དཔག་པ་ལས་ལྷག་པ་བསྩལ་ཏེ། ཐམས་ཅད་རྒྱུ་དག་ཅིང་ཕུན་སུམ་ཚོགས་པར་མཛད་ནས། པར་གྱི་དོ་དམ་པ་དགེ་སློང་ངག་དབང་དར་རྒྱས། འགོ་བ་ཀ་འབུམ་ཚེ་རིང་། གཉེར་བ་ཚེ་རིང་། ཝང་ཧན་རྣམས་ཀྱིས་བྱས་ཤིང་། པར་ཡིག་འབྲི་མི་མཁས་པ་ལྔ་བཅུ། དབུ་ལྷ་འབྲི་མི་དཔལ་འབྱོར་རྒྱ་མཚོ། ཞུས་དག་པ་བཅུ་སྐོར། པར་རྐོ་བ་སུམ་བརྒྱ་ལྷག་ཙམ། ཤིང་བཟོ་བ། སྣག་ལས་པ། ཤོག་ལས་པ་སོགས་ཀྱིས་ལས་ཚན་མང་པོས་བར་མ་ཆད་པར་ལོ་ངོ་མང་པོར་བརྩོན་པ་ཆེན་པོས་བསྒྲུབས་ཏེ། ཡི་གེ་བ་དང་པར་རྐོ་བ་སོགས་ལ་ཡོན་དང་གནང་སྦྱིན་གྱ་ནོམ་པས་ཚིམ་པར་མཛད་དོ། སྤྱི་ལོ་༡༧༥༣ ལོར་དབུ་བརྩམས་ཏེ་སྤྱི་ལོ་༡༧༧༢ ལོར་ལེགས་པར་གྲུབ། ལོ་ཉེར་གཅིག་ལ་པར་བརྐོས་པར་བཤད་མོད་དོན་དངོས་སུ་ལོ་ངོ་བཅུ་དགུ་ལ་འགྲུབ་ཡོད་པར་ཅོ་ནེ་ལོ་རྒྱུས་ལས་བཤད། དེའི་ < དཀར་ཆག་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་ ༡༧༧༣ ལོར་མཛད་པ། > {{བཀའ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ}}གསུང་འབུམ་པོད་[ཅ]པའི་ནང་དུ་ཡོད། འདི་མ་ཕྱི་ནི་སྡེ་དགེ་བསྟན་འགྱུར་ཡིན་པ་དཀར་ཆག་ན་གསལ་འདུག བསྟན་འགྱུར་གྱི་པར་ཤིང་འདི་ཡང་བཀའ་འགྱུར་གྱི་པར་ཤིང་དང་ཆབས་ཅིག་མཱ་ཀྲུའུ་དབྱིན་གྱིས་ཅོ་ནེ་དགོན་ཆེན་མེར་སྲེག་བཏང་བ་དང་མཉམ་དུ་འཇིག་སོང་ངོ་། །

༨ ༼ སྡེ་དགེའི་བཀའ་འགྱུར་ནི་ ༽ སྡེ་དགེའི་ས་སྐྱོང་རྒྱལ་ཐོག་ཞེ་གཉིས་པ་བསྟན་པ་ཚེ་རིང་དགུང་ལོ་ང་གཉིས་སུ་ཕེབས་པ་སྟེ་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས་ས་སྐྱོང་ཉིད་ཀྱི་བཀའ་ནན་གསེར་སྦྲམ་ལྟར་ལྕི་བ་ཁུར་དུ་བཞེས་ཏེ། འཕང་ཐང་དང་ལྡན་དཀར་གྱི་ཐོག་མའི་བཀའ་འགྱུར་ལས་རིམ་བཞིན་བཀའ་གྱུར་བྲིས་མ་དང་པར་མ་ཇི་སྙེད་པ་སྟེ་སྔོན་བྱོན་གྱི་མཁས་པ་དང་ལོ་པཎ་རྣམས་ཀྱིས་གཏན་ལ་ཕབ་ཅིང་ལེགས་གྲུབ་བྱུང་བ་དག་ལ་ཁུངས་བཅོལ། ལས་གཞི་འདི་དབུ་བཙུགས་པ་ནས་ཡི་གེ་བ་མང་པོ་འདུས་པ་ལ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་དཔོན་ཡིག་པ་དྲུག་ཅུ་ལྷག་ཙམ་གྱིས་ལྷུན་འགྲུབ་སྟེང་གི་བླ་བྲང་ཆེན་མོའི་ནང་དུ་པར་ཡིག་འབྲི་བའི་གྲྭ་ཚང་བཙུགས་པ་དང་། པར་རྐོ་བ་བཞི་བརྒྱ་ལྷག་དང་། ཞུས་དག་པ་བཅུ་སྐོར་སོགས་ལས་ཚན་ཤིན་ཏུ་མང་བ་བར་མ་ཆད་དུ་བསྟེན་པའི་ལོ་ངོ་ལྔའི་རིང་བསྒྲུབས་པ་ཡིན་ནོ།།དེ་ཡང་པར་ཤིང་སྲུང་སྐྱོབ་དང་ཡུན་རིང་བཀོལ་སྤྱོད་ཆེད་མཚལ་པར་དུ་བགྱིས་ཤིང་། ཡི་གེ་གསལ་ཞིང་དག་པ་དང་བརྐོས་ཟབ་ཅིང་གས་འཁྱོག་སོགས་མ་མཆིས་པས་ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆེ། དེའི་དཀར་ཆག་སི་ཏུ་རང་ཉིད་ཀྱི་གསུང་བ་< ཟླ་འོད་གཞོན་ནུའི་འཁྲི་ཤིང> ཞེས་པ་བཞུགས།

༤  ༼ སྡེ་དགེའི་བསྟན་འགྱུར་ནི་ ༽ པར་གཞི་སྡེ་དགེ་ས་སྐྱོང་བསྟན་པ་ཚེ་རིང་གིས་སྦྱིན་བདག་དང་འགོ་འཛིན་གནང་ཞིང་། ཞུས་ཆེན་པ་ཚུལ་ཁྲིམས་རིན་ཆེན་༼ཁོང་ནི་སྤྱི་ལོ་༡༦༣༧་ ནས་ལོ་བདུན་རིང་༡༧༤༤ ལོ་བར༽ མཆོག་གིས་ཞུ་དག་གི་འགན་བཞེས་ཏེ། འཕྱོང་རྒྱས་འཕྱིང་བ་སྟག་རྩེའི་ཕོ་བྲང་དང་ཞ་ལུང་གསེར་ཁང་གི་བསྟན་བཅོས་འགྱུར་རོ་ཅོག་ལ་ཕྱི་མོར་བཅོལ་ནས་དེ་བཞི་ནས་ཡར་ལུང་བས་བཞེངས་བའི་བསྟན་བཅོས་འགྱུར་རོ་ཅོག་ལས་རིམ་པར་བརྒྱུད་དེ་མཆེད་པའི་བུ་དཔེ་སྟེ་ཆོས་སྡེ་ཆེན་པོ་སེ་འབྲས་དགའ་གསུམ་དང་དེར་མ་བཞུགས་པ་བུ་སྟོན་རིན་པོ་ཆེ་ནས་པར་གཞི་འདིའི་བར་གསར་དུ་འགྱུར་བ་དང་། མདོ་དང་སྔགས་དང། རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་བ་ཁྱོན་བསྡོམས་བདུན་བརྒྱ་དང་བརྒྱད་ཅུ་ཙམ་བསྣན། དེ་དག་ལས་མཆེད་པའི་དཔེ་རྒྱུན་མང་པོ་རྣམས་ནི་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་དར་རྒྱས་ཤིན་ཏུ་ཆེ་བར་བཞུགས། པོད་ཚན་དུ་དབྱེ་ན། བསྟོད་ཚོགས། རྒྱུད་སྡེ། ཤེར་ཕྱིན། དབུ་མ། མདོ་སྡེ། སེམས་ཙམ་པ། མངོན་པ། འདུལ་བ། སྐྱེས་རབས། དཔག་བསམ་འཁྲི་ཤིང་། སྤྲིངས་ཡིག ཚད་མ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ། སྣ་ཚོགས་སྐོར་གྱི་པོ་ཏི་བཅས་སོ།། པར་གཞི་འདི་ཉིད་ཁུངས་དག་མང་པོར་གོ་བསྡུར་དང་ཞུས་དག་ལེགས་པར་སོང་བ་དག་ལ་ཕྱི་མོར་བཅོལ་བ་དང་། ཡིག་གཟུགས་ལེགས་པ། ཚིག་གི་འབྲུ་གསལ་བ། ཡི་གེའི་དག་ཐོན་པ། རྐོས་ཟབ་པ་སོགས་ཀྱི་ཁྱད་ཆོས་ལྡན། དེའི་< དཀར་ཆག་ཞུས་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་> བཞུགས།

༩ ༼ སོག་པོ་ཏཱ་ཁུ་རེ་བཀའ་འགྱུར་ནི་༽ སྤྱི་ལོ་༡༩༠༨ ལོར་ཁལ་ཁ་རྗེ་བཙུན་དམ་པའི་གདན་ས་དགའ་ལྡན་བཤད་སྒྲུབ་གླིང་དུ། སྡེ་དགེའི་དཔར་མར་ཕྱི་མོར་བཅོལ་ཏེ་བཀའ་འགྱུར་པར་བསྐྲུན་གྱི་དབུ་བཙུགས་ཀྱང་མཇུག་མ་རྫོགས་པར་འཕྲོ་ཅན་དུ་ལུས་པ་ན། སྤྱི་ལོ་༡༩༡༠་ལོར་ཁལ་ཁ་རྗེ་བཙུན་དམ་པའི་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་། ཨེར་ཏི་ནི་ཆེ་ཚང་ནོ་ཡོན་དོན་འགྲུབ་ལྷ་མོ་རྣམ་གཉིས་ནས་བཀའ་འགྱུར་པར་གཞི་ཆ་ ཚང་ཞིག་བསྒྲུབ་དགོས་པའི་བཀའ་མཆིད་ཕེབས་པ་ལྟར་སྔ་མའི་འཕྲོ་བསྐྱངས་ཏེ་དཔར་བ་ཏཱ་ཁུ་རེ་དགོན་དུ་བཞུགས།  དཀར་ཆག< དགེ་མཚན་འབུམ་ཕྲག་ཕྱོགས་མཐར་འཕེལ་བར་བྱེད་པའི་སྐྱེ་བ་ལྔ་པའི་སྒྲ་དབྱངས་> ཞེས་པ་བཞུགས། 

   ༡༠ ༼ སོག་ཡིག་གི་བཀའ་འགྱུར་རིན་པོ་ཆེ་ནི་ ༽ ཆ་ཧར་ལེགས་ལྡན་ཧུ་ཐོག་ཐུ་དང་། ལོ་ཆེན་ཀུན་དགའ་འོད་ཟེར། ཐུའུ་བཀྭན་ངག་དབང་ཆོས་རྒྱ་མཚོ་སོགས་ལོ་ཙཱ་བ་མང་བོ་བསགས་ནས་བཀའ་འགྱུར་ཡོངས་རྫོགས་སོག་སྐད་དུ་བསྒྱུར་བ་དང་འཆད་ཉན་སོགས་ཀྱི་སྲོལ་དར་བར་མཛད་ཅེས་བོད་སོག་ཆོས་འབྱུང་དུ་གསལ། དེ་ནི་༡༧༡༧ ལོར་གོང་མ་ཁོང་ཤིས་ཡོན་སྦྱར་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པར་ཡང་གསུངས་འདུག ཚལ་བ་བཀའ་འགྱུར་ལ་ཕྱི་མོ་བླངས་བ་དང་པོད་བརྒྱ་དང་བརྒྱད་བཞུགས་སོ། །

   ༥ ༼ སོག་ཡིག་གི་བསྟན་འགྱུར་ནི་ ༽ ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཁྲི་རྒྱ་ནག་པ་བསྟན་པའི་ཉི་མས་དབུ་འཛིན་ཀྱིས་ ༡༧༤༡ ལོའི་ཟླ་བཅུ་པའི་ཚེས་ཤར་ནས་རྒྱལ་བའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་ལོ་ཙཱ་བ་དུ་མ་དང་མཉམ་དུ་སོག་སྐད་དུ་སྒྱུར་འགོ་ཚུགས། ཕྱི་ལོ་ཟླ་གསུམ་པའི་ཚེས་ལྔ་ཉིན་ཡོངས་སུ་གྲུབ་སྟེ་པར་ཕུད་རྒྱལ་མཆོག་བདུན་པ་ཆེན་པོར་ཕུལ། གོང་མ་ཆན་ལུང་རྒྱལ་བོས་ཡོན་སྦྱར་བའི་བཀའ་དྲིན་ལས་བྱུང་བ་ཡིན་འདུག །

༡༡ ༼ མན་ཇུའི་བཀའ་གྱུར་ནི་ ༽ སོག་ཡིག་གི་བཀའ་འགྱུར་༡༧༤༡ ལོར་བསྒྱུར་བ་དེའི་རྗེས་སུ་གོང་མ་ཆན་ལུང་གིས་བཀའ་བབས་པ་ལྟར་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱིས་པེ་ཅིན་དུ་སོག་བོད་མན་གསུམ་གྱི་ལོ་ཙཱ་བ་མཁས་པ་མང་པོ་ཚོགས་སྟེ་བཀའ་གྱུར་ཆ་ཚང་མན་ཇུའི་སྐད་དུ་བསྒྱུར་བའི་འགོ་ཚུགས། རྒྱལ་བོ་རང་ཉིད་ཀྱིས་ཞིབ་དཔྱོད་དང་འགྱུར་བཅོས་གང་མང་མཛད། ད་ལྟ་གོང་མའི་ཕོ་བྲང་ལས་སྒོར་ཐོན་ཡོད་པར་བཤད།

     ༡༢ ༼  རྩེ་ཞོལ་བཀའ་འགྱུར་ནི་ ༽ རྒྱལ་དབང་བཅུ་གསུམ་པའི་རིང་ལ། འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་མཆོག་གིས་མཐུན་རྐྱེན་བསམ་གྱིས་མི་ཁྱབ་པ་སྦྱར་བ་ལ་བརྟེན། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་བཀའ་ལུང་གསེར་གྱི་མེ་ཏོག་སྤྱི་བོར་བསྩལ་བ་བཞིན། མཁས་པའི་དབང་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས་གྲུ་འཛིན་པོ་ཏ་ལར་ཕེབས་ནས་ལོ་དྲུག་ཙམ་གྱི་རིང་ལ་བུ་སྟོན་རིན་པོ་ཆེའི་གསུང་འབུམ་པོ་ཏི་ཉེར་དགུའི་ཞུ་དག་ལེགས་པར་གྲུབ་པ་དང། སྤྱི་ལོ་༡༩༢༡ ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བཀའ་ཡིག་ཕེབས་དོན། བཀའ་འགྱུར་ནི་བོད་ཀྱི་མཁས་པ་སྔ་རབས་པ་དང་རྒྱ་གར་མཁས་པ་མང་བོས་བོད་གངས་ཅན་གྱི་ལྗོངས་སུ་འགྱུར་བར་མཛད་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་ཕྱིར་། དུས་ཚོད་རིང་པོ་ཕྱིན་པའི་དབང་གིས་པར་ཤིང་ལ་ལ་རྙིང་ནས་ཡི་གེ་མི་གསལ་བ་དང་། ལ་ལ་ཆད་པ་མི་ཉུང་བ་བྱུང་ཡོད། ལྷག་པར་ལྷ་སའམ་ཡང་ན་རྩེ་ཕོ་བྲང་དུ་བཀའ་འགྱུར་གྱི་པར་གཞི་ཆ་ཚང་ཞིག་མེད་སྟབས་ངས་སྦྱིན་བདག་བྱེད། ཁྱེད་རང་གིས་ཞུ་དག་དང་ཞུ་དག་གི་བྱ་བར་འགན་ཁུར་ནས་རྒྱལ་བའི་བསྟན་པ་དང་འགྲོ་བ་ལ་ཕན་པ་ཞིག་བྱེད་ན་ཇི་འདྲ་རེད། ངའི་བསམ་པར་དགེ་བཤེས་ལ་ལ་གཞུང་ལ་མཁས་ན་རིག་གཞུང་མི་མཁས་པ་དང་། རིག་གཞུང་ལ་མཁས་ན་གཞུང་ལ་མི་མཁས་པ་ཡིན་ཞེས་བཀའ་ཕེབས་པ་ལ། ཁོང་གིས་ཀྱང་འདི་ནི་བོད་མི་རིགས་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ། བསྟན་པ་ཡར་རྒྱས་ལ་ལག་རྗེས་ཆེན་པོ་ཞིག་འཇོག་པའི་གོ་སྐབས་བཟང་པོ་ཞིག་ཡིན་པར་དགོངས་ནས་ལགས་སོ། ཞེས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་སྤྱི་གཙུག་ཏུ་བླངས་ནས་སྣར་ཐང་པར་སོགས་དང་གཞན་ཡང་བྲིས་མ་ཁག་ཅིག་གོ་བསྡུར་དང་ཕྱི་མོར་བགྱིས་ཐོག བཀའ་འགྱུར་པར་གསར་བཞེངས་ཀྱི་ཞུ་ཆེན་མཛད་དེ་ལོ་ངོ་བརྒྱད་ཙམ་གྱིས་པར་གཞི་གསར་བཞེངས་ལེགས་གྲུབ་བྱུང་བ་ནི་ད་ལྟའང་ང་ཚོའི་མིག་གིས་མཐོང་བ་དང་ལག་ཟིན་གྱི་ཡུལ་དུ་བཞུགས་པ་སྟེ་ཞོལ་པར་གསར་ཞེས་རྩེ་ཞོལ་གྱི་པར་དེ་ལགས་སོ། དེ་ནི་ཤིང་པར་དུ་བཞེངས་བའི་བཀའ་འགྱུར་ལས་ཡི་གེ་ཆེས་ཤོས་ཡིན་ལ། ངོ་རེར་ཐིག་ཕྲེང་བརྒྱད་རེ། སྣག་པར་དུ་བགྱིས་པ། པར་གསལ་བ། ཡི་གེ་དག་པ། གཟབས་ལེགས་པ་བཅས་ཀྱིས་མཇལ་བ་པོ་རྣམས་ཀྱིས་བཟང་བསྟོད་བྱེད་བཞིན་པ་འདིའོ།  འདིའི་དཀར་ཆག་མཁས་པ་མང་པོས་སྔ་ཕྱིར་མཛད་པ་< ལེགས་བཤད་འཕྲུལ་གྱི་ལྡེ་མིག> ཅེས་པ་བཞུགས། རྩེ་བསྟན་འགྱུར་པར་མི་བཞུགས་པར་ད་ལྟ་དཔར་གསར་སྐོ་གནང་གི་ཡོད་པར་ཐོས་སོ། །

   ༡༣ ༼ ལྦ་ར་བཀའ་འགྱུར་པར་མ། ༽ ཁམས་སྡེ་དགེའི་ངོར་པ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོའི་ཞལ་སློབ་ལྦ་ར་རི་ཁྲོད་པ་དམ་ཆོས་བསྟན་པ་ནས། སྡེ་དགེ་པོད་ཉིས་བརྒྱ་དང་དྲུག་ཅུ་བཞུགས་པ་གསར་བཞེངས་མཛད་དེ་པར་གཞི་ཁ་ཚང་ལྦ་ར་རི་ཁྲོད་དུ་བཞུགས་པ་ལྦ་ར་བཀའ་འགྱུར་ཞེས་བྱ་ལ། འདིའི་དཔར་ཤིང་ད་ལྟ་མེད་མོད། དཔར་མ་པོད་འགའ་རེ་མཇལ་རྒྱུ་ཡོད་ཟེར་ཞིང་དཀར་ཆག་སོགས་ཡོད་རབས་མེད་དོ། །

  ༡༤ ༼ ཆབ་མདོ་ཡབ་ཚང་བཀའ་འགྱུར་ནི་ ༽རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ་༡༩༤༡ ལོར་ཆབ་སྤྱི་དར་ཧན་ཟུར་པ་ཡབ་ཚང་བློ་བཟང་དཀོན་མཆོག་ལ་བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་བཟང་པོས་བཀའ་ལུང་རིམ་བརྒྱུད་ནང་བར་བརྟེན། ལྷ་སའི་ཞོལ་དཔར་མ་དཔར་སློག་བགྱིས་ཏེ་བཀའ་འགྱུར་གྱི་པར་གཞི་གསར་བསྐྲུན་མཛད་པ་ལོ་ངོ་བཅུ་གཅིག་གི་ནང་ཡོངས་སུ་གྲུབ་པ་པོད་བརྒྱ་དང་གཅིག་བཞུགས་པ་ཆབ་མདོ་དགོན་ཆེན་བྱམས་པ་གླིང་གི་ཡབ་ཚང་བཀའ་འགྱུར་ལྷ་ཁང་དུ་བཞུགས་པ་དང་། དེར་དཀར་ཆག་རྒྱས་པ་ཞིག་བྲག་གཡབ་མཁན་ཆུང་གདོང་ཀོམ་སྤྲུལ་སྐུས་མཛད་པ་བཞུགས་ཟེར་རོ། །

ཡང་དཔྱད་དགོས་པ་ཞིག་ལ་ཆབ་མདོར་དེ་སྔོན་བཀའ་འགྱུར་གྱི་པར་གཞི་ཞིག་ཡོད་དགོས་ཚོད་འདུག་སྟེ། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་ <བསྟན་རྩིས་ཀུན་བཏུས།> བྱ་བར་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་༡༦༨༣ ལོའི་རེའུ་མིག་ཏུ་ཆབ་མདོར་བཀའ་འགྱུར་གྱི་པར་བཞེངས་སྒོ་བརྩམས་ཞེས་བཀོད་ཡོད་པ་དང་། དེ་མཚུངས་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ༡༩༣༠ ལོར་བརྩམས་པའི་བཙན་པོའི་<འཛམ་གླིང་རྒྱས་བཤད> དུའང་ཆབ་མདོའི་སྐབས་སུ་དེང་སང་བཀའ་འགྱུར་གྱི་པར་གསར་པ་ཞིག་ཀྱང་བཞེངས་ཡོད་ཅེས་གསུངས་ཚུལ་སོགས་ལ་གཞིགས་ན་བཀའ་འགྱུར་གྱི་དཔར་རྙིང་ཞིག་ཀྱང་ཡོད་འདུག་ནའང་ད་སྔ་ཆ་གཞན་མ་མཐོང་བས་རེ་ཞིག་བརྟག་པའི་གནས་སུ་འཇོག་གོ །

   ༡༥ ༼ གཡུང་ལོའི་བཀའ་འགྱུར་ཟངས་པར་མ་ནི་ ༽ སྤྱི་ལོ་༡༤༡༠་ལོར་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་གསེར་ཁྲིར་འཁོད་ནས་ལོ་བརྒྱད་པ་ན། གོང་མའི་ནང་བློན་ནམ་གསེར་ཡིག་པ་ཧོ་ཤིན་བོད་དུ་འབྱོར། རྗེ་ཙོང་ཁ་བའི་སྐུ་ཚབ་ཏུ་ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱ་ནག་ཏུ་གདན་དྲངས། དེ་དུས་སྣར་ཐང་གི་བཀའ་བསྟན་ཆ་ཚང་གཉིས་གདན་དྲངས་པ་དེར་ཕྱི་མོར་བཅོལ་ནས་བཀའ་འགྱུར་ཟངས་གྱི་དཔར་ཚགས་ཆ་ཚང་ཞིག་བཞེངས་སོ། དེའི་དཔར་ཕུད་དང་བོ་རི་བོ་རྩེ་ལྔར་ཕུལ་བ་དང་། དེ་ནས་བོད་དུ་མཚུར་ཕུ་ཀརྨ་བ་དང་རྗེ་ཙོང་ཁ་བ་བཅས་ལ་ཕུལ། དེ་ལས་ཚར་གཅིག་ད་ལྟར་ཡང་སེ་ར་ཐེག་ཆེན་གླིང་སྔགས་པ་གྲྭ་ཚང་དུ་བཀའ་འགྱུར་ལྷ་ཁང་དུ་བཞུགས་པར་གྲགས། དེ་ལ་ཡི་གེ་དག་པ་དང་། སྒོས་སུ་བྲིས་ལེགས་པ། པར་ངོས་སྙོམས་པ། སྣག་ལེབ་དང་བྲལ་བ་སོགས་ཀྱི་ཆ་ནས་ནན་ཅིན་ཟངས་པར་དུ་གྲགས།

༡༦ ༼ པེ་ཅིན་བཀའ་འགྱུར་པར་མ་ནི་༽ དེ་ལ་ཝན་ལིས་པར་མ་དང་ཁོང་ཞི་པར་མ་གཉིས་ཡོད་པར་བཤད་པ་ལས་དང་པོ་ཝན་ལིས་པར་མ་ནི། ༡༥༩༤ ལོར་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཝན་ལིས་གསེར་ཁྲིར་འཁོད་ནས་ལོ་ཉི་ཤུ་རྩ་གཉིས་པ་ལ། ཀརྨ་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ཞུ་དག་གི་འགན་འཁྲི་ལྷུར་བཞེས་ཏེ་། ནན་ཅིན་དཔར་མ་སྟེ་ཡུང་ལོའི་པར་མ་ལ་མ་ཕྱི་བཅོལ་ནས་པར་སློག་གིས་བཞེངས་པ་དང་། དེའི་ཞར་ལ་བསྟན་འགྱུར་པོ་ཏི་ཞེ་གཉིས་ཀྱི་པར་བཞེངས་པ་ལ་པེ་ཅིང་པར་མའམ་ཝན་ལིས་པར་མ་ཟེར་རོ།།

   ༦ ༼ པེ་ཅིན་བསྟན་འགྱུར་ནི་ ༽  རྒྱ་ནག་གོང་མ་གཡུང་ཊི་ཁྲི་ལོ་གཉིས་པ་སྤྱི་ལོ་༡༧༢༤ ལོར་དབུ་བརྩམས་ཤིང་སྤྱི་ལོ་༡༧༣༨ ལོར་གྲུབ་སྟེ་པེ་ཅིན་དུ་བཞུགས་པ་ལ་ཟེར། འདིའི་མ་ཕྱི་ནི་སྡེ་སྲིད་སངས་རྒྱ་མཚོས་སྤྱི་ལོ་༡༦༨༧ ལོར་བསྟན་འགྱུར་གསར་བཞེངས་གནང་བ་ལ་གཞི་བྱས་ནས་བཞེངས་འདུག དཀར་ཆག་ཀྱང་གཅིག་པ་ཡིན་འདུག །  

   ༡༧ ༼ ཝན་ལི་བཀའ་འགྱུར་དཔར་མ་ནི་ ༽ རབ་བྱུང་བཅུ་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ༡༦༥༠ལོར་མིང་གོང་མ་ཝན་ལིས་སྔར་གྱི་གཡུང་ལོ་དཔར་མའི་བཀའ་འགྱུར་བསྐྱར་བརྐོ་བྱས་ཤིང་བསྟན་འགྱུར་པོད་ཞེ་གཉིས་ཙམ་གསར་བརྐོ་བྱས་པར་བཤད་ལ་རྒྱའི་ཡི་གེར་རྒྱུད་དེ་པོད་ཞེ་གཉིས་བསྣན་ཞེས་བཀོད་པ་ནོར་འདུག་ལ་འདི་པར་གཞི་ཤིང་དང་སྣག་དཔར་ཡིན་པར་བཤད་མོད། དཔར་མ་ད་ལྟ་མི་རྙེད།

   ༡༨ ༼ གོང་མ་ཁོང་ཞི་བཀའ་འགྱུར་ནི་ ༽ གཉིས་པ་ཁོང་ཞི་པར་མ་ནི་མིན་རྒྱལ་རབས་ཏེ་མན་ཇུའི་གོང་མ་ཁང་ཞིའམ་བོད་སྐད་དུ་བདེ་སྐྱིད་རྒྱལ་པོའི་བཀའ་ལྟར། སྤྱི་ལོ་༡༦༨༣ གོང་མ་ཉིད་ཀྱི་སྲིད་ལོ་ཉེར་གཉིས་པར་གོང་མ་སྔ་མ་དག་གི་རིང་ལ་བཞེངས་པའི་པར་གཞི་ཕྱི་མོར་བགྱིས་ཏེ་བཞེངས་བར་བཤད། ད་ལྟར་པེ་ཅིང་པར་མར་གྲགས་པའི་བོད་ཀྱི་བཀའ་འགྱུར་ཞེས་པ་དེའོ། དེའི་པར་ཤིང་སྤྱི་ལོ་༡༩༠༠ ལོར་མཉམ་འབྲེལ་རྒྱལ་ཁབ་བརྒྱད་ཀྱི་དྲག་པོའི་དཔུང་གིས་སྲེག་ཟའི་ཕུང་བོར་གཏིམས་སོ། །

   ༡༩ ༼ རྭ་རྒྱའི་བཀའ་འགྱུར་པར་མ་ནི་ ༽  སྤྱི་ལོ་༡༨༡༤ ལོར་རྭ་རྒྱའི་དགོན་གྱི་གདན་ས་པ་ཤིང་བཟའ་ཧོ་ཐོག་ཐུ་སྐུ་ཕྲེང་དང་པོ་བློ་བཟང་དར་རྒྱས་ཀྱིས་ཐུགས་ཁུར་དང་སྦྱིན་བདག་གནང་། སྡེ་དགེའི་མཚལ་དཔར་མ་ལ་ཕྱི་མོར་བཅོལ་ནས་པར་དུ་བཞེངས་པ་རྭ་རྒྱའི་པར་ཁང་ཆེན་མོར་བཞུགས་སུ་གསོལ་བ་ལ་རྭ་རྒྱའི་བཀའ་འགྱུར་ཟེར།  དེའི་དཀར་ཆག་པཎ་ཆེན་སྐུ་འཕྲེང་བདུན་པ་བསྟན་པའི་ཉི་མའི་མཛད་པ་< མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག > ཞེས་པ་ངྷ་ས་ནས་མང་བོ་དཔར་པར་གསལ། །

༢༠ ༼ བཀའ་འགྱུར་བརྙན་པར་སྐོར་ནི་ ༽ སྤྱི་ལོ་༡༩༣༠ ལོར་དུས་ཙ་ན་འཇར་པན་གྱིས་རྒྱ་ནག་ཡུལ་གྲུར་མང་པོར་བཙན་འཛུལ་བྱས་པ་དང་དུས་ཟིང་གི་གོ་སྐབས་དེ་ལ་བསྟུན་ཏེ་པེ་ཅིང་བོད་ཡིག་པར་མའི་བཀའ་བསྟན་ཆ་ཚང་བ་གཅིག་ཕྱིར་དྲངས་ཤིང་བསྡུས་དཔར་དུ་བརྒྱབ་ཏེ། དེ་གའི་རྒྱལ་ས་ཏོན་ཅིན་དུ་བཞུགས་སུ་གསོལ། སྤྱི་ལོ་༡༩༥༥ ནས་༡༩༦༡ བར་འཇར་པན་ཏཱ་ཀུའུ་སློབ་གྲྭ་ཆེན་མོའི་བོད་ཀྱི་བཀའ་བསྟན་ཞིབ་འཇུག་ཚོགས་པས་གཙོ་འགན་བཞེས་ཏེ་རྩོམ་སྒྲིག་བྱས་ནས་པེ་ཅིང་གི་བཀའ་བསྟན་གཉིས་ཀ་བསྡུས་པར་དུ་བཏབ་ཅིང་། དེ་མཚུངས་ཀྱི་དཀར་ཆག་ཅིག་བསྒྲིགས་པ་བསྡོམས་པས་དེབ་བརྒྱ་དང་ང་གཅིག་བྱོན། པར་གཞི་དེའི་ཇུས་འགོད་དང་རྒྱབ་ཐུམ་གྱི་བཀོད་པ་ཧ་ཅང་མཛེས། མཚན་བྱང་གི་ཡི་གེ་གསེར་བྲིས་དང་དྲས་ཁ་ལ་གསེར་ཚོན་བྱུགས་པ། ངོ་རེ་ལ་བོད་དཔེ་ངོ་ལྔ་རེ་ཤོང་བ། ཡི་གེའི་འབྲུ་གསལ་ཞིང་དག་པས་ཀློག་པ་པོའི་ཡིད་དབང་འགུགས་པར་ནུས་སོ། འཇར་པན་བརྙན་པར་དེ་ལས་རྒྱ་ནག་ཏུ་མི་ཉུང་བར་མཆེད་འདུག་སྟེ། དཔེར་ན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། པེ་ཅིང་དཔེ་མཛོད་ཆེན་མོ་སོགས་སུ་བཞུགས་སོ། །

    ༢༡ ༼ བཀའ་འགྱུར་རྡོ་པར་སྐོར་ནི་ ༽ རྡོ་ལ་བརྐོས་བའི་བཀའ་འགྱུར་ནི་མགོ་ལོག་ཁོངས་གནམ་ལྕགས་རི་འོད་འབར་ཏེ་དབུས་གཙང་གཉིས་པར་གྲགས་པའི་ལྷ་ཁང་ཞིག་ཏུ་རྡོ་ལ་བཞེངས་པའི་བཀའ་བསྟན་མང་པོ་ཡོད་རབས་འདུག དེ་བཞིན་སྟོང་ཇུ་མཁར་དགོན་སོགས་ལ་ཡོད་པ་རིག་གསར་དུས་སུ་ཤུལ་མེད་དུ་བཏང་བ་རེད་ཟེར།   གཞན་ཡང་ད་དུང་བཀའ་འགྱུར་དང་བསྟན་འགྱུར་གྱི་པར་གཞི་མང་བོ་ཡོད་པར་མཐོང་ངོ་། །ཞེས་པ་འདི་ནི་བཀྲ་བོ་སྤྲུལ་སྐུའི་སྐྱེས་མིང་བ་མཛོད་པ་དགེ་འདུན་རྒྱ་མཚོས། བཀའ་འགྱུར་དང་བསྟན་འགྱུར་ལ་དཔྱད་པ་བྱ་བ་ལ་སོགས་པ་དཔྱད་རྩོམ་རྒྱས་བསྡུས་གང་མང་ཞིག་ལས་བསྡུ་སྒྲིགས་བྱས་སོ།  །སྤྱི་ལོ་༢༠༢༡ བོད་ཟླ་༦ ཚེས་ ༤ ཆོས་འཁོར་སྐོར་བའི་དུས་ཆེན་ལ་མཛོད་དགེ་རྫོང་རང་ཤག་ནས་བྲིས་པ་ཀུན་ལ་ཕན་པར་གྱུར་ཅིག་གུ། །  ། །བཀྲ་ཤིས་བདེ་ལེགས། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།