སྲིད་པའི་ལྷ་གཉན་རྨ་རྒྱལ་སྦོམ་རའི་གནས་བསྟོད། རྩེ་གཞུང་ཡ་མ་ཐར།

微信图片_20260719171425_230_1135.jpg

༄༅།།སྲིད་པའི་ལྷ་གཉན་ཆེན་པོ་རྨ་རྒྱལ་སྦོམ་རའི་གནས་བསྟོད་མུ་ཏིག་ནོར་བུའི་འཁྲི་ཤིང་།


 

ཟླ་གཞོན་བྱེ་བའི་ལང་ཚོ་ཟིལ་གནོན་པའི།།

    དཀར་མཛེས་བརྗིད་ཆགས་ཡིད་འོང་ཀེེ་ལ་ཤ།

སྲིད་པའི་ཏོག་ཏུ་འགྲེང་བའི་ལྷ་གཉན་ཆེ།།

     བསྟན་སྲུང་རྨ་རྒྱལ་སྦོམ་རའི་དབུ་འཕང་བསྟོད།།


      ཤེལ་དཀར་རྡུལ་མང་བརྩེགས་པའི་ལྷུན་པོའི་སྤོར།།

      རབ་དཀར་རྩེ་མོ་རྣམ་གསུམ་མཐོངས་སུ་བསྙེགས།།

འཇའ་ཚོན་ན་བུན་རིན་ཆེན་པྲོག་ཞུ་བསྒྲོན།།

ཉི་ཟླའི་ཅོད་པན་རྒྱུ་སྐར་དོ་ཤལ་འཕྱང་།།


མི་བཟད་སྒྲ་བརྒྱ་གླལ་བའི་ཁ་ཕྲུ་ལས།།

ཟགས་པའི་ལྷ་ཆབ་སྦྲང་ཆར་སིལ་མའི་རྒྱུན།།

ཚ་བའི་གདུང་སེལ་བདུད་རྩིའི་དོག་པ་ཅན།།

   ཚེ་དཔལ་བསོད་ནམས་འཕེལ་བའི་དཔྱིད་དུ་འཇོ།།


རབ་དཀར་གངས་ལ་ཟླ་ཟེར་ཕོག་པའི་གཟིས།།

རབ་བསིལ་གངས་ཆུ་འཛད་མེད་གངྒཱའི་རྒྱུན།།

རབ་བརྗིད་གངས་སེང་འོ་མར་འདྲེས་པའི་ཆབ།།

     རབ་འབྱམས་རྒྱལ་བའི་ཞལ་རླངས་བྱིན་ཆེན་འཐུལ།།


བསྐལ་བ་བྱེ་བར་མནལ་བའི་འཁྱགས་རོམ་ཀློང་།།

     རང་བྱུང་ལྷུན་གྲུབ་གངས་ཐིགས་ནོར་བུའི་ཚོམ།།

ནད་གདོན་ཉེར་འཚེ་རབ་གཞིལ་ཨ་མྲྀ་ཏ།།

       མཁའ་ཁྱབ་འགྲོ་བའི་བསོད་ནམས་སྐལ་བར་སྨིན།།


         རྐེད་པར་རིན་ཆེན་མཆོང་སྨུག་མདངས་འཛིན་པའི།།

     གཡའ་བྲག་བང་རིམ་གཡུ་མདོག་ལང་ཚོས་འཁྱུད།།

ལྷ་ཆབ་མུ་ཏིག་དྲ་བ་དྲ་ཕྱེད་རྒྱན།།

   འདྲེན་བྱེད་གཟི་འོད་འཕྲོག་པའི་དཔལ་དུ་འཚེར།།


རྩ་བར་གཡུ་ལོའི་ཚང་ཚིང་འཁྲིགས་པའི་ཚལ།།

རྩི་ལྗོན་སྨན་སྣའི་ཟ་འོག་ཐགས་སུ་བཀྲ།།

         འདབ་ཆགས་སྐད་སྙན་དྲུག་སྐྱེས་ངེས་བཅིངས་གླུས།།

དྲི་ཟའི་ཚལ་དུ་སླེབས་སྙམ་ཤེས་པ་འཁྲུལ།།


ཉི་ཟེར་ཁུ་བའི་བཅུད་ཀྱིས་ལེགས་སྨིན་པའི།།

    གངས་རིའི་གཟེགས་མས་དར་དཀར་བླ་རེ་བྲེས།།

      མཚོ་རྫིང་རྦབ་ཆུ་གསེར་དངུལ་གཟི་མདངས་ཅན།།

           ཕྱོགས་མཚམས་གཡུ་དཀར་མེ་ལོང་གཟུགས་སུ་འཕོས།།


རྨ་གཡང་ཕྱུག་མོའི་ཁོག་ཆེན་བཅོ་བརྒྱད་ཀྱི།།

རྨ་མེད་རྫ་ཆུའི་ཡལ་འདབ་མཛེས་སྡུག་གིས།།

རྨ་བྱའི་སྒྲོ་གུར་ངོ་མཚར་གཟུགས་ཅན་བཞིན།།

རྨ་རྒྱལ་ལྷ་ཞལ་དགྱེས་པའི་ཡོན་ཆབ་བཤམས།།微信图片_20260719171429_233_1135.jpg


མུ་ཏིག་འཁྲི་ཤིང་འོད་ཆགས་སྙིང་རྗེའི་ལྷ།།

སར་སྤྱོད་འཁོར་ལོ་སྡོམ་པའི་ཞིང་མཆོག་གི།

ཡིད་འོང་རིན་ཆེན་སྣ་བདུན་ཕོ་བྲང་དབུས།།

ས་བཅུའི་དབང་ཕྱུག་ཟོ་དོར་རྣམ་པར་རྩེན།།


    སྔོན་ཚེ་རིག་འཛིན་པདྨས་བཀའ་བསྐོས་བཞིན།།

མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི།

 ཆོས་སྲིད་རྒྱལ་མཚན་མི་ནུབ་མཐར་རྒྱས་པའི།།

     ཐུགས་དམ་དཔལ་བེའུའི་རེ་ཁཱ་གཡང་དུ་འཁྱིལ།།


        ཞལ་རས་དཀར་དམར་མདངས་ལྡན་ཞི་བའི་ཉམས།།

           ཕྱག་གཡས་མདའ་དར་གཡོན་པས་ནོར་གཞོང་འཛིན།།

དར་ཟབ་ན་བཟའ་རིན་ཆེན་རྒྱན་གྱིས་མཛེས།།

    བརྗིད་ཆགས་རྒྱལ་པོ་རོལ་བའི་སྟབས་གྱིས་འགྱིང་།།


རབ་དཀར་ཆུ་འཛིན་གཡོ་ལྡན་ཅང་ཤེས་སྟེང་།།

     རུ་མཚོན་མདའ་མདུང་འཕྲུལ་གྱི་ཞགས་པ་བསྣམས།།

       འབྲོག་གནས་དཔའ་བོའི་ཉམས་ལྡན་འགྱིང་བག་གིས།།

    རབ་འབྱམས་འཕྲིན་ལས་ཐོགས་མེད་སྒྲུབ་པར་དཔའ།།


རེས་འགར་གཡུ་འབྲུག་མཁའ་ལ་འཕྱོ་འདྲ་བའི།།

         སྟོང་གསུམ་འཚུབ་མའི་མྱུར་མགྱོགས་རྟ་མཆོག་བཅིབས།།

         ཁྲབ་རྨོག་འཁོར་གསུམ་མདངས་བཀྲག་དགྲ་ལྷའི་གཙོ།།

སྣ་ཚོགས་སྒྱུ་འཕྲུལ་རོལ་མོ་འབྱམས་སུ་ཀླས།།


ཟླ་རྒྱས་ཞལ་རས་དར་ཟབ་རྒྱན་མང་མཛེས།།

    མདའ་དར་མེ་ལོང་གསེར་གྱི་འཁོར་ལོ་བསྣམས།།

འཇོ་སྒེག་གར་གྱིས་ཡུ་མོའི་སྟེང་འགྱིང་བའི།།

 བདེ་སྟོང་དགྱེས་སྐྱེད་གོང་སྨན་ལྷ་རིའི་ཞབས།།


     དཔའ་བརྗིད་གར་དགུའི་རྣམ་རོལ་སྲས་པོ་དགུ།།

          མཛེས་སྡུག་སྒེག་ལྡན་མཛངས་མའི་སྲས་མོ་དགུས།།

    རྣམ་དཀར་དགྲ་ལྷའི་བ་དན་མཁར་འཕྱར་ཏེ།།

             གངས་རིའི་ལྗོངས་སུ་ཕན་བདེའི་ལེགས་ཚོགས་སྤེལ།།


རྨ་རྒྱལ་མདུན་རི་གཡུ་བྲག་རང་བྱོན་ལྷུན།།

 རྒྱལ་བ་བྱམས་པ་གོས་སྐུ་ཆེན་མོའི་གཟུགས།།

           ཡིད་བཞིན་འཁོར་ལོའི་གཟི་བྱིན་འཁྱིལ་བའི་གནས།།

    ཡིད་དགའ་ཆོས་འཛིན་ཞིང་གི་བཀོད་པ་རྫོགས།།


   འཁོར་སྒྱུར་རྣམ་རོལ་མརྒད་ལྷུན་པོའི་དབུས།།

       དཀར་མཛེས་ཡིད་འོང་ཞི་བའི་ཉམས་ཀྱིས་སྒེག།

       རྨ་གཡང་བང་མཛོད་འཕྲུལ་གྱི་ལྡེ་མིག་བསྣམས།།

                    གཏེར་བདག་གཉེར་བ་མགྲོན་དགྱེས་ཞལ་དཀར་བསྔགས།།


ས་འཛིན་ནོར་བུའི་རྒྱལ་མཚན་མུ་ཁྱུད་ཟླུམ།།

     རི་ཕྲན་ཁ་འབབ་རྣམ་བཞིས་མཛེས་པར་བརྒྱན།།

      དབུས་རི་བྲག་དཀར་འཁོར་སྒྱུར་འགྱིང་སྟབས་ཀྱི།།

  གཟུགས་སུ་འཕོས་པའི་རིན་ཆེན་ཕོ་བྲང་དབུས།།


སར་གནས་ཡབ་ཆེན་བསེ་རུ་ངང་ཡག་མཚན།།

 ཡིད་འཕྲོག་ཞལ་རས་དར་ཟབ་ན་བཟའ་གསོལ།།

རྣོ་ངར་རུ་མཚོན་ནོར་བུ་ཐུགས་ཀར་འཛིན།།

        གཡུ་འབྲུག་སྟེང་འགྱིང་འདོད་དགུའི་གྲུ་ཆར་འབེབས།།


ལྡོང་གི་བླ་ཟོག་རྣམ་ཤེས་སིམ་པའི་གནས།།

སྲ་མཁྲེགས་ཤྭ་རའི་དཔའ་མཁར་རྒྱས་པའི་རྟེན།།

ལྷུན་ཆགས་གོང་ཁའི་ལབ་ཙེ་ཡིད་འོང་བ།།

 ཤེལ་དཀར་འཁྲི་ཤིང་ཆུན་པོ་ཚར་དུ་དངར།།


         འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས།།

          འབྲོང་རྒོད་རྭར་འཇུས་གཉའ་ཞོན་བཏུལ་བའི་སར།།

   ཞབས་སེན་ཟླ་ཚེས་འོད་རླབས་འབར་བའི་རིས།།

     རབ་གསལ་དཀར་བརྗིད་གོར་མའི་ངོས་སུ་འཚེར།།


བརྗིད་ཆགས་ཇོ་མོ་གཡང་རའི་རིན་ཆེན་བྲག།

   གཤིན་རྗེའི་འཕྲང་བགྲོད་རྒྱ་མར་འཇལ་བའི་ཕུག།

         མེ་ལོང་གཟུགས་བལྟས་བསྔོ་སྨོན་མཚམས་སྦྱར་དགེས།།

ངན་སོང་སྒོ་འགེགས་བྱིན་རླབས་ཚན་ཁ་འབར།།


རྒྱལ་དབང་པདྨའི་ཕོ་ཉ་སེང་ཆེན་རྗེ།།

  གྲུབ་ཆེན་ལྕགས་ཟམ་ཐང་སྟོང་རྒྱལ་པོའི་ཞབས།།

དཔལ་གྱི་རྡོ་རྗེའི་ཕྱག་ཞབས་རེ་ཁཱའི་གཟུགས།།

      གསལ་འཆར་མི་འཇིགས་གོར་མའི་གླེགས་བུར་བཀྲ།།


   དལ་བརྒྱད་འབྱོར་བཅུའི་རིན་ཆེན་ལུས་པོ་བསྐྲུན།།

        མངར་བའི་ཟས་དང་གཅེས་པའི་སེམས་ཀྱིས་བསྐྱངས།།

བཀའ་དྲིན་གཞལ་བར་དཀའ་བའི་ཕ་མ་ཡི།།

དྲིན་ལན་དྲིན་རྡོས་འཇལ་བའི་ངོ་མཚར་རྨད།།


    དཔལ་མཆོག་འཁོར་ལོ་སྡོམ་པའི་ཐུགས་ཀྱི་གནས།།

  ཙ་རིའི་གནས་སྒོའི་ཉམས་དགའི་ཕོ་བྲང་བརྗིད།།

          འཇིགས་མཛད་དཔའ་བོའི་བྱིན་ཆགས་ཕུག་པའི་སྒོར།།

         ལོངས་སྤྱོད་ཆར་འབེབས་གདེངས་ཅན་ཆུ་མིག་བརྡོལ།།


ཤེལ་བྲག་མེ་རི་འབར་འདྲའི་གནས་ཀྱི་བདག།

བཀའ་ཡི་བློན་ཆེན་དགེ་མཐོང་བྲག་དཀར་ཆེ།།

ཟ་འོག་ན་བཟའ་ཡིད་བཞིན་ནོར་བུ་བསྣམས།།

   རྒྱལ་པོ་རོལ་བའི་སྟབས་ཀྱིས་དགོས་འདོད་སྩོལ།།


རྒྱ་སྟག་མཆེ་རྣོན་ཤེལ་བྲག་ཕོ་བྲང་ནས།།

དགྲ་ལྷའི་རྒྱལ་པོ་དགྲ་འདུལ་དབང་ཕྱུག་ཉིད།།

    དགྲ་ལྷའི་གོ་མཚོན་ལྷུན་རྫོགས་འཇིགས་རུང་ཞལ།།

 དགྲ་སྡང་འདུལ་ཞིང་གཡུལ་རྒྱལ་བ་དན་འཕྱར།།


རྩེ་མོ་མེ་རི་འབར་འདྲའི་ཧྭ་བོ་བྲག།

རྐེད་པ་རིན་ཆེན་མཎྜལ་བཤམས་ལེགས་མཛེས།།

རྩ་བ་ཡིད་བཞིན་ནོར་བུ་སྤུངས་པའི་ལྷུན།།

      སྔགས་སྲུང་དབྱིངས་ཀྱི་རྒྱལ་མོའི་གཟི་བྱིན་འཁྲིགས།།


གླིང་དཀར་ལྷ་རྟ་ལྷས་སུ་འཇུག་པའི་ར།།

     ལྕག་ཚན་བསམ་པའི་དོན་འགྲུབ་རང་བྱོན་ལྷུན།།

    སེང་ལྕམ་འབྲུག་མོས་ཕྱུར་བ་བརྡལ་བའི་ཐང་།།

    དགྲ་ལྷའི་གོ་མཚོན་གཏེར་གནས་འབྲི་དྷཱིའི་ཕུ།།


ཀླུ་རྒྱལ་ཕོ་བྲང་མ་ཕམ་གཡུ་མཚོ་ལས།།

ཀླུ་མོ་ཀླུ་ཟོག་ནོར་བུ་ཆ་བདུན་བཅས།།

ཀླུ་ཡི་ཡུལ་ནས་སྤྱན་དྲངས་ངོ་མཚར་གཏམ།།

ཀླུ་དང་གླིང་གི་གཉེན་གྱི་བྱུང་བ་འཛུམ།།


ཡིད་འཕྲོག་ཤེལ་དཀར་ལྷུན་པོའི་ཕོ་བྲང་ན།།

རྨ་རྒྱལ་མ་ཡུམ་རྡོ་རྗེ་དྲག་རྒྱལ་མ།།

       སྐུ་མདོག་དཀར་ལ་དམར་བའི་གཟི་མདངས་བཀྲ།།

   རིན་ཆེན་དབུ་རྒྱན་དར་ལྔའི་འཕྱང་འཕྲུལ་གཡོ།།


   ཕྱག་གཡས་སྐྱིན་ཐང་འཁོར་ལོའི་རྣོ་དབལ་ངོམ།།

  ཕྱག་གཡོན་གནམ་ལྕགས་རླུང་གི་ཙཀྲ་བསྣམས།།

     འཇོ་སྒེག་ཉམས་ཀྱིས་མཛེས་ལྡན་ཡུ་མོར་བཅིབས།།

       གངས་ལྗོངས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་འགོད།།


   སྤྲིན་དཀར་འཕྱུར་འདྲའི་སྦྲ་གུར་སྟོང་ཤོང་ཁོང་།།

                འཕགས་པའི་གནས་བརྟན་དགྲ་བཅོམ་འཁོར་ཚོགས་བཅས།།

ཀླུ་སྨན་བྱེ་བ་འབུམ་དགུ་རོལ་བའི་གནས།།

རྔ་གླིང་རོལ་མོའི་ཆོས་སྒྲ་སྒྲོག་པའི་ཞིང་།།


ཙིཏྟའི་དབྱིབས་འཛིན་མ་ཧཱ་ཀ་ལའི་ལྷུན།།

          གཏེར་གྱི་མཛོད་བདག་ཕ་བོང་གྲུ་བཞིའི་མཁར།།

             གསེར་གཡུའི་མཚོ་མོས་མཎྜལ་བཤམས་པའི་འཕྲུལ།།

འོག་མིན་ཞིང་གི་བཀོད་པ་ལྷུན་གྱིས་གྲུབ།།


ནོར་ལྷ་མཛོད་བདག་ལྷ་རི་དྲེལ་དཀར་གྱི།།

ཤེལ་བྲག་ནོར་བུའི་དབུ་རྩེ་མཐོངས་སུ་འཕྱོ།།

ཆོས་སྐྱོང་བེར་ནག་གྲུབ་པའི་སྒྲུབ་ཕུག་གི།

     བྲག་མིག་མེ་ལོང་སྣང་བརྙན་ལྷམ་མེར་མཛེས།།


  བསྟན་སྲུང་གཟའ་མཆོག་ཆེན་པོ་རཱ་ཧུ་ལའི།།

         བླ་མཚོ་དམར་ནག་གྲུ་གསུམ་འཁྱིལ་བའི་གཟུགས།།

    དྲེགས་པ་ལྷ་སྲིན་སྡེ་བརྒྱད་སྤྲིན་ལྟར་གཏིབས།།

    མངོན་སྤྱོད་དྲག་པོའི་འཕྲིན་ལས་གྲུབ་པའི་ས།།


ནོར་བདག་ཛམ་བྷ་ལ་ཡི་གནས་སྒོ།།

གསེར་སྒའི་རྒྱན་ལྡན་རྟ་མཆོག་རིན་ཆེན་ལ།།

      ཡིད་བཞིན་ནོར་བུ་མེ་འབར་བཀལ་བའི་གཟུགས།།

  ཕ་བོང་གསེར་རྡེའུའི་མརྒད་ལྷུན་པོ་བརྗིད།།


     གླིང་དཀར་དཔའ་རྟུལ་རྒྱ་ཚ་ཞལ་དཀར་གྱིས།།

རྣོ་ཆོད་ཡ་ཟིས་ཁྲག་གི་འཁོར་ལོ་བསྐོར།།

  ཕ་བོང་ཨི་འདེབས་དུམ་གསུམ་བྲག་རྡོ་ཡིས།།

              དཔའ་བོའི་མཛད་རྗེས་ཕྱི་རབས་གཟིགས་མོར་འགྲེམས།།


        མངའ་བདག་ཉང་རལ་ཐུགས་བསྐྱེད་རོལ་མཚོ་ལས།།

         ལེགས་འཁྲུངས་མཆོད་རྟེན་ཤེལ་དཀར་ལང་ཚོ་ཅན།།

མཐོང་གྲོལ་བྱིན་རླབས་བདུད་རྩི་ཐོ་ལེ་བ།།

    མཁའ་ཁྱབ་འགྲོ་བའི་བསོད་ནམས་ཞིང་དུ་ལྷམ།།


   ཆུ་ལྷའི་ཕང་བར་མཛེས་སྡུག་བརྗིད་ཆགས་ལྷུན།།

གཡུ་ལོའི་རྐང་འཐུང་རྒྱས་པའི་ཚལ་གྱི་གཞིར།།

བསུང་ཞིམ་སྨན་སྣའི་དྲི་བཟང་འཐུལ་བའི་ལྗོངས།།

གསང་ཡུམ་གོང་སྨན་ལྷ་རི་དགྱེས་དགུར་རོལ།།


གཡས་ཁོག་ཆུ་འགྲམ་དམར་ནག་བྲག་རིའི་རྩེར།།

ལྷ་ཀླུ་གཉན་གསུམ་བླ་ཤིང་སྐྱེ་སྟོབས་རྫོགས།།

ཆུ་གཉིས་བསྣོལ་བ་ཆུ་དཀར་སྣ་ཁའི་ཟུར།།

     སྦྲུལ་ནག་ཐུར་རྒྱུག་དགྲ་བགེགས་གཤེད་དུ་རྔམ།།


གླིང་རྗེ་ཉི་མས་ཆོས་འཁོར་བསྐོར་བའི་ཞིང་།།

རྨ་སྨད་བཀྲ་ཤིས་ལྷ་ལུང་གཡུ་བཟང་ཐང་།།

གླིང་དཀར་དཔའ་རྟུལ་ཕུ་ནུ་སུམ་ཅུ་ཡིས།།

གོ་ཁྲབ་གཏེར་སྦས་གོ་མཚོན་རྡོ་རྗེ་བྲག།


       མཛོ་མོ་འཕྲང་དགུ་བརྒལ་བས་ཐེག་པ་དགུའི།།

        གོ་འཕང་མཆོག་སྩོལ་རྟེན་འབྲེལ་ལྷུན་གྱིས་གྲུབ།།

སྣང་སྲིད་ཟིལ་གནོན་གུ་རུའི་རང་བྱོན་ཁྲི།།

    བྲག་དམར་ཁྱུང་གི་གཙུག་ཏོར་རྩེ་རུ་འཕགས།།


ཨ་ཡིག་རང་བྱོན་གཟི་བྱིན་འཁྱིལ་བའི་བྲག།

ཚེ་རིང་མཆེད་ལྔས་བསྟན་པ་སྐྱོང་བའི་ཡུལ།།

གླིང་དཀར་བླ་རི་སེར་པོའི་སྙན་པ་ཅན།།

གླིང་རི་པདྨ་འབུམ་རྫོང་སྲིད་ན་རྒྱལ།།


མཚལ་ནག་ཁ་མདོའི་མིག་སྨན་མི་གཡོ་བ།།

            རིགས་གསུམ་མགོན་པོ་རང་བྱོན་གསལ་འཆར་ཞིང་།།

       བཅོམ་ལྡན་སྨན་བླའི་ཐུགས་རྗེའི་གཟི་འོད་ཀྱིས།།

         གྲངས་མེད་སྨན་ཆུ་ནད་གདོན་གཉེན་པོར་བརྡོལ།།


  གཡུ་ལོའི་དགའ་ཚལ་སྒྲོལ་མ་འབུམ་གྱི་རྫོང་།།

མགོན་པོའི་བླ་ཤིང་ལྗོན་བཟང་གཡུར་དུ་ཟ།།

བདུད་རྩི་ལྷ་མོའི་ཆུ་ཚན་རང་བྱུང་འབབ།།

            འགག་གསུམ་བརྒལ་བས་ཉོན་མོངས་དུག་གསུམ་སེལ།།


བཅོམ་ལྡན་རྟ་མཆོག་རོལ་པའི་གོང་ཁའི་ལ།།

བདེ་ཆེན་དབང་དྲག་རོལ་བའི་ཕོ་བྲང་དངོས།།

ཁོར་ཡུག་ཛམ་ལྷ་རིགས་ལྔའི་གནས་མཆོག་གི།

བྲག་ཆུང་ནོར་བུའི་གཟི་བྱིན་གཡང་དུ་ཆགས།།


          ངང་བའི་གཤོག་ལྟེབ་གཟུགས་མཛེས་གཡུ་མདོག་ཐང་།།

         གསེར་དངུལ་མེ་ཏོག་གཡུ་མཚོའི་ཡོན་ཆབ་བསྟར།།

       འདབ་ཆགས་ཤྭ་རྐྱང་རྩེད་འཇོར་རོལ་བའི་ལྗོངས།།

ཀླུ་སྨན་བྱེ་བ་འབུམ་དགུ་བསྟི་བའི་གནས།།


ཤེལ་དཀར་རྩེ་མོ་མཐོངས་བསྙེགས་རྨ་རྒྱལ་མགུལ།།

ཛམ་ལྷ་རིགས་ལྔའི་བླ་རིའི་གཟི་བྱིན་འཁྱིལ།།

ཐུགས་དཀར་ཆེ་ཆུང་ཡིད་བཞིན་ནོར་བུའི་གནས།།

   ལྷུན་སྟུག་བརྗིད་ཆགས་ཙིཏྟའི་རང་གཟུགས་ངོམ།།


 ཞང་བོ་བྲག་རིང་དཔའ་བརྗིད་དགྲ་ལྷའི་རྒྱལ།།

རིན་ཆེན་དབུ་རྒྱན་དར་ཟབ་ན་བཟས་སྒེག།

        མདའ་དར་མེ་ལོང་ནོར་གཞོང་ཐུགས་ཀར་འཛིན།།

             གངས་སེང་སྟེང་འགྱིང་སྲིད་ཞིའི་དྭངས་བཅུད་འགུགས།།


གཡུ་དཀར་བུམ་པ་ཆ་གཅིག་འགྱིང་བའི་སྤུན།།

ལྷ་ཆེན་མོ་བ་གཏོ་བའི་ལྷུན་པོའི་དྲུང་།།

   གཡུ་མཚེའུ་མེ་ལོང་ཟུང་གིས་མཆོད་ཡོན་བསྒྲེངས།།

ལྷ་ཡི་དགའ་ཚལ་རྨ་གཡང་རྒྱན་དུ་འཕོས།།


   ས་འཛིན་ཤེལ་དཀར་ལང་ཚོ་འབར་བའི་དབུས།།

རྒྱལ་ཡུམ་རྡོ་རྗེའི་ཕག་མོས་དགྱེས་ཞལ་ངོམ།།

           གཡང་འཛིན་མར་ཁུས་བཀང་འདྲའི་སྤང་ལྗོངས་མཐིལ།།

 བྱེ་མ་འབྲི་རྡེའུས་སྲིད་ཞིའི་ནོར་གཡང་འཛིན།།


འོད་འབར་གཡའ་བྲག་རིན་ཆེན་ཕོ་བྲང་ནས།།

  མཆན་ལུང་བྲག་དཀར་དགྲ་ལྷས་ཚེ་དཔལ་སྤེལ།།

ཆུ་སྔོན་གཡུ་བྲག་སྒྲོལ་མ་རང་བྱོན་གཟིས།།

                མི་འཇིགས་སྐྱབས་སྦྱིན་མཆོག་ཐུན་དངོས་གྲུབ་སྩོལ།།


    རྨ་རྒྱལ་ཕོ་བྲང་རིན་ཆེན་གཏེར་མཛོད་ཀྱི།།

སྒོ་སྲུང་མ་ཧཱ་གསེར་གྱི་རུས་སྦལ་ཉིད།།

     ཚང་ཚིང་གཡུ་ལོའི་རྒྱན་ལྡན་མི་གཡོ་བའི།།

         ཟོལ་དུ་རྩེན་པ་རྔམ་འཇིགས་གར་དགུས་རོལ།།


    ཁ་རྗེ་དབང་ཐང་རླུང་རྟའི་རྒྱལ་མཚན་བསྒྲེངས།།

རྨ་སྟོད་རྩེ་ལྷ་བཅུ་གསུམ་མཐོངས་སུ་བསྙེགས།།

     ཁ་འཛིན་སྡོངས་གྲོགས་བསམ་པའི་དོན་ཀུན་སྒྲུབ།།

རྨ་སྨད་མཐོན་པོ་དགུ་སྒྲིག་རྔམ་བརྗིད་འབར།།


   རྨ་རྒྱལ་བཀའ་ཉན་གཉན་ཆེན་སྡེ་བཞིའི་དཔུང་།།

རྨ་རིགས་སུམ་བརྒྱ་དྲུག་ཅུ་སྤྲིན་ལྟར་གཏིབས།།

  རྨ་འཁོར་སྟོང་དང་ལྔ་བརྒྱའི་འཁོར་ཚོགས་རྒྱས།།

རྨ་རི་རབ་འབྱམས་དབུ་འཕང་སྲིད་ན་བརྗིད།།


གྲུབ་དབང་པད་འབྱུང་ལོ་ཆེན་བེེ་རོའི་ཞབས།།

       མངའ་བདག་ཉང་རལ་རྒྱལ་མཆོག་ཐོགས་མེད་རྩལ།།

ཚོགས་དྲུག་རང་གྲོལ་དང་བཅས་སྐྱེས་མཆོག་གི།

   གཟི་བྱིན་དུས་གཅིག་གངས་དཀར་ལྷུན་པོར་སིམ།།


རིགས་གསུམ་སྒྱུ་མའི་རྣམ་རོལ་སེང་ཆེན་རྗེ།།

      དཔལ་རྟུལ་སུམ་ཅུ་དྭངས་སྨན་མཁའ་འགྲོའི་ཚོགས།།

བླ་གནས་སྙིང་ནོར་གཟི་བྱིན་གཡང་ཆགས་པའི།།

  མདོ་སྨད་འདོད་དགུའི་བང་མཛོད་རྨ་གཡང་བྲག།


འཛམ་གླིང་གོ་ལའི་རྒྱན་གཅིག་ཤེལ་དཀར་ལྷུན།།

          རྨ་གཡང་ཕྱུག་མོའི་འབྱུང་ཁུངས་གཏེར་གྱི་མཛོད།།

    སྣོད་བཅུད་སྐྱེ་དགུའི་ཚེ་སྲོག་ཉེར་འཚོའི་རྟེན།།

སངས་རྒྱས་སྟོང་གི་བླ་རི་རྨ་ཆེན་གངས།།


              བསྟན་སྲུང་དགྲ་ལྷའི་དབུ་འཕང་མཆོད་བསྟོད་དགེས།།

            ཡངས་པའི་རྒྱལ་ཁམས་རྫོགས་ལྡན་དཔལ་གྱིས་འཚོ།།

      ནད་མུག་འཁྲུགས་རྩོད་མི་མཐུན་དབྱིངས་སུ་ཞི།།

   དགེ་མཚན་བྱེ་བའི་དགའ་སྟོན་རྒྱས་གྱུར་ཅིག།

            

                ཅེས་པ་འདི་ནི་བོད་རབ་རྒྱན་མེ་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་མངོན་པར་བཞད་པའི་ལྷ་ཆེན་རྨ་རྒྱལ་སྦོམ་རའི་གནས་འདུས་ཀྱི་བགྲང་བྱ་【2026】ཁྱད་པར་ཅན་གྱི་བོད་ཟླ ༦ པའི་ཚེས ༤ སྟེ་ཆོས་འཁོར་དུས་ཆེན་ཉིན།   རྨ་རྒྱལ་གངས་རི་རྩེ་མོ་རབ་དཀར་གྱི་མདུན་སར།  རྩེ་གཞུང་ཡ་མ་ཐར་མི་ཕམ་དབྱངས་ཅན་དགྱེས་པའི་ལང་ཚོར་འབོད་པས་མཇུག་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།  །།  ཛ་ཡནྟུ།།

 རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།